རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི།

གཞུང་འབྲེལ་གྱི་ཐོག་ནས་བུད་མེད་ཚོ་ངལ་གསོའི་གུང་སེང་སྤྲོད་སྲོལ་ཡོད་པ་རེད།
རྒྱལ་སྤྱིའི་བུད་མེད་ཉིན་མོ་འདི་བརྩི་སྲུང་བྱེད་དོན་གཙོ་བོ་ནི། ༡༩༠༨ ལོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བུད་མེད་གྲངས་༡༥༠༠༠ ཙམ་གྱིས། བུད་མེད་ཚོར་ལས་དུས་ལ་འཚམས་པའི་གླ་ཆ་སྤྲོད་དགོས་པ་དང་། འོས་འཕེན་གྱི་ཐོབ་ཐང་དགོས་པ། མི་མང་ལས་ཁུངས་ཁག་ཏུ་ལས་གནས་དགོས་པ། ཕོ་མོའི་ལས་རིགས་ལ་དབྱེ་འབྱེད་ཀྱི་ལམ་ལུགས་མེད་པ་བཟོ་དགོས་པ་སོགས་ཀྱི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པས། དེ་དང་བསྟུན་ནས་ཨ་རིའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་པས། ཨ་རིའི་བུད་མེད་ཀྱི་ངོ་རྒོལ་གྱི་ལས་འགུལ་སྲུང་བརྩིའི་ཆེད་དུ། ༡༩༠༩ ལོར་ཟླ་བ་༢ ཚེས་༢༨  ཉིན་མོ་དེ། ཨ་རིའི་ནང་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་ཞེས་སྲུང་བརྩི་བྱས་ཡོད་པ་རེད།
ཕྱི་ལོ་༡༩༡༠ ལོར་རྒྱལ་སྤྱིའི་སྤྱི་ཚོགས་རིང་ལུགས་པའི་ཚོགས་ཆེན་སྐབས། རྒྱལ་སྤྱིའི་བུད་མེད་ཉིན་མོ་ཟེར་བ་སྲུང་བརྩི་བྱེད་རྒྱུ་དང་། དེ་བཞིན་བུད་མེད་ཀྱི་ཐོབ་ཐང་དང་བུད་མེད་ཀྱི་ལས་དོན་ཁག་ལམ་ལྷོང་ཡོང་བར། རྒྱལ་ཁབ་ཚང་མས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་གྲོས་ཐག་བཅད་པ་ནས་བཟུང་། ༢༠༡༠ ལོ་འདི་ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཟེར་བ་སྲུང་བརྩི་བྱེད་རྒྱུའི་གྲོས་འཆམ་བྱུང་ནས་མི་ལོ་བརྒྱ་ཕྲག་གཅིག་ཧྲིལ་པོ་འཁོར་བའི་དུས་ཡིན་པས། རྒྱལ་ཁབ་མང་པོས་འདི་ལོའི་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།
འཛམ་གླིང་དམག་ཆེན་སྔ་ཕྱི་གཉིས་ཀྱི་སྐབས་སུ། བུད་མེད་ཚོས་ཞི་བདེ་དགོས་པའི་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་དང་། དེ་བཞིན་མི་མང་རྨས་མ་སོགས་ལ་རོགས་རམ་སོགས་ཀྱིས་མཚོན། ཞི་བདེའི་དོན་དུ་ལས་དོན་མང་པོ་བསྒྲུབས་ཡོད་པར་བརྟེན། ༡༩༧༥ ལོར་རྒྱལ་ཚོགས་ཀྱིས་ཟླ་བ་ ༣ པའི་ཚེས་༨ ཉིན་ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཡིན་པའི་གཞུང་འབྲེལ་གྱིས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Share this:
༢༩ ཀློག་གྲངས།