བྷི་ཧར་གྲོང་གསེབ་ཀྱི་ཁྲིམས་ཁང་ཞིག་གིས་རྒྱ་ནག་གི་ཚོང་ཟོག་བཀག་པ།

པ་ཀི་སི་ཐན་རྒྱ་གར་གྱི་ཁ་གཏད་དུ་ལངས་པར་རྒྱ་ནག་གིས་རྒྱབ་སྐྱོར་བྱས་པར་བརྟེན། རྒྱ་ནག་དེ་རྒྱ་གར་གྱི་དགྲ་བོ་ཡིན་པར་བསྒྲགས་ནས་རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་བྱེད་རྒྱུ་བཀག་ཡོད་འདུག

14642995_250893561979373_266499124_nདེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་རྒྱ་གར་གྱི་བང་ཆེན་ནང་གནས་ཚུལ་འཁོད་གསལ་ལྟར་ན། རྒྱ་གར་བྷི་ཧར་མངའ་སྡེ། ཨ་རེན་གྷ་ བྷ་དྷི་རྫོང་། ཨོ་བྷི་ར་གྲོང་གསེབ་ཀྱི་འགོ་ཁྲིད། གྷུ་དྷི་ཡ་ དྷེ་ཝི་ཡིས། “པ་ཀི་སི་ཐན་རྒྱ་གར་གྱི་ཁ་གཏད་དུ་ལངས་པར་རྒྱ་ནག་གིས་རྒྱབ་སྐྱོར་བྱས་པར་བརྟེན། རྒྱ་ནག་དེ་རྒྱ་གར་གྱི་དགྲ་བོ་རེད་”ཅེས་བསྒྲགས་ཡོད་པ་དང་། ཁོང་གིས་གྲོང་གསེབ་དེའི་ཁྲིམས་ཁང་གི་ཚོགས་མི་རྣམ་པ་དང་། ས་གནས་མི་མང་བཅས་ཚོགས་འདུ་རུ་བསྐོངས་ནས། ས་གནས་དེར་རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་བྱེད་རྒྱུ་བཀག་རྒྱུ་ཐག་གཅོད་བྱུང་ཡོད་འདུག མ་ཟད་ས་གནས་མང་ཚོགས་ཀྱིས་ཀྱང་མི་སུ་ཞིག་གིས་རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་བྱས་ན་དེར་ཉེས་ཆད་གཅོད་རྒྱུའི་མང་མོས་ཐག་གཅོད་བྱུང་ཡོད་འདུག

གྲོང་གསེབ་དེའི་ཁྲིམས་ཁང་གི་ཚོགས་མི་བྷ་དྷན་ མེ་ཊ་ཞེས་པས། “ང་ཚོས་རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་བྱེད་རྒྱུ་དང་། བེད་སྤྱོད་བྱེད་རྒྱུ་མཚམས་བཞག་ན་རྒྱ་ནག་གི་དཔལ་འབྱོར་ལ་གནོད་ཀྱི་རེད་”ཅེས་བརྗོད་ཡོད་འདུག་པ་དང་། བྷི་ཧར་མངའ་སྡེ་རུ་རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་བཀག་སྡོམ་བྱེད་པ་ནི་ཐེངས་དང་པོ་དེ་ཆགས་ཡོད་འདུག

སྤྱིར་ཨོ་བྷི་ར་གྲོང་གསེབ་ལས་ཁུངས་ཀྱི་འོག་ཏུ་མི་གྲངས་༡༠,༠༠༠ ཙམ་ཡོད་པ་དང་། ས་གནས་དེར་རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་བྱེད་མཁན་གྱི་ཚོང་ཁང་༢༤ ཙམ་ཡོད་འདུག ཁོང་ཚོས་ན་ནིང་ལོའི་དུས་ཆེན་རྣམས་ཀྱི་སྐབས་སུ་རྒྱ་ནག་གི་ཚོང་ཟོག་ཧིན་སྒོར་འབུམ་༡ ལྷག་གི་རིན་པ་བཙོངས་ཡོད་འདུག་ལ། དེ་དག་ལས་མང་ཤོས་ནི། རྩེད་ཆས་དང་། གློག་འོད་སྣ་ཚོགས་ཤར་བའི་རྒྱན་ཆས། ཅ་དངོས་ཙག་ཙིག་གི་རྔན་པ། འགྱིག་སྣོད། མཛེས་རྒྱན་གྱི་རིགས་བཅས་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༥ ཀློག་གྲངས།