ཨ་རི་བོད་ཀྱི་ཐེབས་རྩ་རོགས་སྐྱོར་གྱི་ལོ་༣༥ འཁོར་བའི་དུས་དྲན།

ཨ་རི་བོད་ཀྱི་ཐེབས་རྩ་ནས་བཙན་བྱོལ་གཞུང་དམངས་གཉིས་དང་། བོད་ནང་བུ་ཕྲུག་གི་ཤེས་ཡོན་དང། མང་ཚོགས་ཀྱི་འཕྲོད་བསྟེན། རིག་གཞུང་གཅེས་སྐྱོང་སོགས་ལས་གཞི་མང་པོའི་ཐོག་མཐུན་འགྱུར་རོགས་རམ་ཞུས་ནས་ལོ་ངོ་སུམ་བཅུ་སོ་ལྔ་འཁོར་བའི་དགའ་སྟོན་གྱི་དུས་དྲན་ཞིག་འཚོགས་འཆར་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ལེ་བྷ་ ར་ཌིན་པིརིཝེ་(Le Bernardin Privé) ཞེས་པའི་ཚོགས་ཁང་དུ་དམིགས་བསལ་གསོལ་སྟོན་ཆེན་མོ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང་། སྐབས་དེར་དུས་སྟོན་གྱི་གཙོ་སྐྱོང་བ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་(Richard Gere)རི ཌི་གྷེ་ཡར་དང་། ཨ་མེ་རི་ཀན་ཧི་མ་ལ་ཡ་ཐེབས་རྩའི་གཙོ་འཛིན་(Richard Blum) ་ཞབས་རི་ ཌ་བྷ་ལམ། སྐུ་ཞབས་སེམ་ནེབ་པི་ (Sam Nappi) བཅས་ཡིན་པ་དང་། སྐུ་མགྲོན་གྱི་གྲས་སུ་ཨ་རི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་དང་རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གལ་ཆེའི་མི་སྣ་མང་པོ་ཕེབས་ཀྱི་ཡོད་པ་རེད།

གསོལ་སྟོན་གྱི་མཛད་འཆར་གཙོ་བོ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ད་ལྟ་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པི་ལོ་སི་ (House Democratic Leader Nancy Pelosi) དང་། གྲོས་ཚོགས་འོག་མའི་འཐུས་མི་(Congressman Jim McGovern) སྐུ་ཞབས་ལིམ་མེཀ་གྷ་ཝན། གཞན་ཕན་དགེ་རྩའི་བྱ་གཞག་ལ་གཏོང་ཕོད་ཅན་མཁས་དབང་ཀ་ཛུ་ཀོ་ཧི་ལི་ཡར་ཊ་ཚུ་མུར་(Dr. Kazuko Hillyer Tatsumura) གསུམ་ལ་དམིགས་བསལ་གཟེངས་རྟགས་འབུལ་རྒྱུ་མ་ཟད། གློག་བརྙན་གྱི་སྒྲུང་གཏམ་རྩོམ་སྒྲིག་པ་ཞིང་གཤེགས་ལྕམ་མེ་ལི་ས་མེ་ཐི་སོན་ (late Melissa Mathison) ལའང་དམིགས་བསལ་རྗེས་དྲན་གཟེངས་བསྟོད་ཞུ་ཡི་ཡོད་པ་རེད།

མཛད་སྒོའི་སྐབས་འདིར་ཐེབས་རྩའི་དཔལ་འབྱོར་འདུ་འགོད་ཆེད་པར་པ་དང་རི་མོ་སོགས་སྒྱུ་རྩལ་མཁས་པའི་མི་སྣ་ཁག་གཅིག་གིས་རང་རང་གི་ཐུན་མོང་མ་ཡིན་པའི་ལག་རྩལ་དངོས་རིགས་ཞལ་འདེབས་གནང་བ་རྣམས་དང་། སྐར་མ་རྟགས་ཅན་གི་མགྲོན་ཁང་ནང་ཉིན་ཤས་བཞུགས་རྒྱུའི་ཕྱག་ཁྱེར། གྲགས་ཅན་མ་བྱན་གསུམ་གྱི་གསོལ་མགྲོན་ཁང་དུ་དམིགས་བསལ་གསོལ་ཚིགས། དེ་བཞིན་རོལ་དབྱངས་མཁས་པའི་པི་ཝང་རྒྱུད་དྲུག་གི་སྒྲ་སྙན། རྒྱ་གར་ནང་གནས་མཇལ། རི་འཛེགས་བལྟ་སྐོར་སོགས་གོང་ཚད་འགྲན་སྡུར་གྱིས་ཚོང་འགྲེམས་ཡང་ཞུ་རྒྱུ་ཡིན་པ་རེད།

ལྕམ་ནན་སི་པི་ལོ་སི་(Leader Nancy Pelosi) མཆོག་ལ་ཐེངས་འདིའི་གཟེངས་རྟགས་འབུལ་དགོས་པའི་རྒྱུ་མཚན་ནི། ཁོང་གིས་ལོ་མང་ཨ་རིིའི་གྲོས་ཚོགས་ཀྱི་ཚོགས་མི་གནང་བའི་རིང་ཨ་རིའི་གཞུང་མང་ལ་ཕན་རླབས་ཆེ་བའི་ཕྱག་ལས་སྤྱི་དང་། ལྷག་པར་བོད་དོན་ལ་ཐུགས་ཁུར་གྱིས་གྲོས་ཆོད་ སྔ་རྗེས་ལ་རྒྱབ་སྐྱོར་འགན་བཞེས་གནང་བའི་ཐོག་དམིགས་བསལ་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ནས་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་པ་མ་ཟད། བཞུགས་སྒར་དྷ་རམ་ས་ལ་དང་བོད་ཀྱི་རྒྱལ་ས་ལྷ་ས་བཅས་པར་གཟིགས་སྐོར་དང་རྒྱ་ནག་གཞུང་ལའང་བོད་ཀྱི་དཀའ་རྙོག་སེལ་ཐབས་བཀའ་མོལ་ཡང་ཡང་གནང་བ་སོགས་ལ་བཀྲིན་རྗེས་དྲན་གྱི་ཆེད་དུ་ཡིན་པ་རེད།

གོང་བཞིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ལིམ་མེཀ་གྷ་ཝན་(Congressman Jim McGovern) གྱིས་ཉོམ་ལེན་ཊི་སི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་TheTomLantosHumanRightsCommission ལྷན་ཁང་གི་ཟུང་འབྲེལ་ཚོགས་

གཙོའི་ཐུགས་འགན་བཞེས་ནས་བོད་ཀྱི་ཡ་ང་བའི་གནས་སྟངས་ལ་ཐུགས་ཚབས་ཆེན་པོའི་སྒོ་ནས་གྲོས་ཚོགས་ནང་བགྲོ་གླེང་དང་། ཉན་ཞིབ་སྔ་རྗེས་གོ་སྒྲིག་གནང་བ་མ་ཟད། ལྕམ་ནེན་སི་པི་ལོ་སིའི་ལྷན་དུ་བོད་ལ་གཟིགས་སྐོར་གནང་བ་དང་། ཉེ་བའི་ཆར་གྲོས་ཚོགས་ཀྱི་འཐུས་མི་ (Rep. Frank Wolf) ཕེ་རེངཀ་ཝུ་ལུབ་ལྷན་དུ་སྲིད་འཛིན་ཨོ་བྷ་མ་ལ་བོད་དོན་ཐོག་དམིགས་བསལ་ཐུགས་ཁུར་ཡོང་བའི་འབོད་སྐུལ་ཤུགས་ཆེ་གནང་བར་གྲོས་ཚོགས་འཐུས་མི་དྲུག་ཅུ་ཐམས་པས་མཚན་རྟགས་བཀོད་པ་སོགས་ཧ་ཅང་བཀའ་དྲིན་ཆེ་བར་བརྟེན་ཁོང་ལའང་གཟེངས་བསྟོད་ཞུ་རྒྱུ་ཡིན་པ་རེད།

མཁས་དབང་ཀ་ཞུ་ཀོ་ཧི་ལི་ཡར་ཊ་ཚུ་མུ་ར་(Dr.KazukoHillyerTatsumura) ནས་འཛམ་གླིང་ཤར་ནུབ་ཕན་ཚུན་རིག་གཞུང་བརྗེ་ལེན་གྱི་ལས་འགུལ་བརྩམས་ཏེ། གཙོ་བོ་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་གླུ་གར་ཨ་རིའི་ནང་འཁྲབ་སྟོན་གོ་སྒྲིག་གནང་ནས་གྲགས་ཆེ་བའི་སྐབས་༡༩༧༤ ལོར་བོད་གཞུང་ཟློས་གར་ལ་ཨ་རིར་འཁྲབ་སྟོན་གོ་སྒྲི་གནང་བ་དེ་ནི་ཨ་རིའི་ནང་བོད་ཀྱི་རིག་གཞུང་འཁྲབ་པ་དང་པོ་དེ་ཡིན་པ་མ་ཟད། ༡༩༩༢ ལོར་སླར་ཡང་ཨ་རིའི་གྲོང་ཁྱེར་མང་པོའི་ནང་བོད་གཞུང་ཟློས་གར་འཁྲབ་སྟོན་གོ་སྒྲིག་གནང་ཞིང་། ཉེ་བའི་ཆར་རྒྱ་གར་བྱང་ཤར་ཨ་རུ་ན་ཨན་ཅལ་ནང་བུ་ཕྲུག་ཉམས་ཐག་གི་ཆེད་དུ་སློབ་གྲྭ་གསར་འཛུགས་གནང་སྟེ་འཛིན་སྐྱོང་འགྲོ་གྲན་རོགས་རམ་གནང་བཞིན་པའི་ཐོག་བོད་ཀྱི་ཐེབས་རྩའི་ལས་དོན་ལ་རོགས་རམ་གནང་མཁན་ཆེ་གྲས་ཤིག་ཡིན་པ་ལྟར་གཟེངས་བསྟོད་ཞུ་གི་ཡོད་པ་རེད།

མཐའ་དོན་ཞིང་གཤེགས་ (late Melissa Mathison) ལྕམ་མེ་ལི་ས་མེ་ཐི་སོན་ནི། ཨ་རིའི་གློག་བརྙན་བཟོ་ཡུལ་ཧོ་ལི་ ་(Holly Wood) ནང་གློག་བརྙན་གྱི་སྒྲུང་གཏམ་འབྲི་མཁན་སྐད་གྲགས་ཆེ་གྲས་ཡིན་པ་ལྟར་ཁོང་གིས་བྲིས་པའི་གློག་བརྙན་(E.T.)ཨི་ཊི་ སོགས་འགའ་ཞིག་འཛམ་གླིང་ཡོངས་ལ་སྐད་གྲགས་ཆེན་པོ་ཆགས་པ་མ་ཟད། ༡༩༩༡ ལོར་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་གློག་བརྙན་བཟོ་བཀོད་འཁྲབ་ཁྲིད་ངེས་སྟོན་པ་གྲགས་ཅན། (Martin Scorsese) མཱར་ཊིན་སི་ཀོར་སེསི་དང་ལྷན་དུ་༧གོང་ས་མཆོག་གི་མཛད་རྣམ་གཞིར་བཞག་སྐུ་མདུན་ཞེས་པའི་གློག་བརྙན་བཟོ་འདོན་གནང་བ་དང་། དེ་ནས་བཟུང་བོད་དོན་ལ་དམིགས་བསལ་ཐུགས་སྣང་གིས་སྐུ་ཟླ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་(Harrison Ford) ཧེ་རི་སོན་ཕོཉི་དང་ལྷན་དུ་བཞུགས་སྒར་དྷ་རམ་ས་ལ་དང་བོད་བཅས་པར་གཟིགས་སྐོར་གནང་བ་དང་ཨ་རིའི་གྲོས་ཚོགས་ནང་བོད་དོན་གཏམ་བཤད་གནང་བ་མ་ཟད། ཝ་ཤིང་ཊོན་ ་ (International Campaign For Tibet) རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་འགན་འཛིན་ཚོགས་མི་གནང་བའི་ཐོག་སྐུ་ཚེའི་འཕེན་པ་མ་རྫོགས་བར་ལོ་ལྟར་བོད་ཀྱི་ཐེབས་རྩར་རོགས་རམ་གནང་མཁན་ཞིག་ཡིན་པས་ད་ལམ་དམིགས་བསལ་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༢༠ ཀློག་གྲངས།