རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པ།

ད་ལྟ་བར་ཐུགས་གཏན་འཁེལ་བ་བྱུང་མེད་ནའང། ཉེ་སྔོན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་༢༡ པའི་སྐབས་  གནས་མཆོག་རྡོ་རྗེ་གདན་དུ་རྙིང་མའི་དགོན་སྡེ་ཆེ་ཁག་གི་བླ་ཆེན་ཁག་དང། བླ་ཆེན་ཁག་གི་སྐུ་ཚབ། རྙིང་མའི་སྤྱི་འཐུས། སྨོན་ལམ་གྱི་འགན་འཛིན་ལྷན་ཚོགས་བཅས་ལྷན་འཛོམས་ཀྱིས་བཀའ་བསྡུར་ཐག་གཅོད་གནང་བར་རྙིང་མའི་བླ་ཆེན་༧སྐྱབས་རྗེ་སྐུ་བགྲེས་ཁག་བཞི་ལ་སྙན་སེང་གིས་ཐུགས་འགན་མཚན་བཞེས་སུས་མཛད་རོགས་གནང་ན་བདག་ཅག་སློབ་འབངས་རྣམས་ལ་ཁྱད་པར་གཏན་ནས་མེད་པ་དང། ༧སྐྱབས་རྗེ་རྣམ་པ་བཞི་ལ་རྙིང་མ་སྤྱི་ནས་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ་བཅས་ཐུགས་མཐུན་གཙང་བཅད་བྱུང།
སྙན་སེང་ཞུ་སྟངས་དགུང་ན་བགྲེས་གཞོན་ལྟར་ཞུ་གནང་རྒྱུ་གནང་བས་དང་པོ་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་དང། ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག ༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་རྣམ་བཞིར་རིམ་པས་སྙན་སེང་ཞུ་རྒྱུ་གནང་བ་ལྟར། དང་པོ་༧སྐྱབས་རྗེས་བྱ་བྲལ་རིན་པོ་ཆེ་མཆོག་ལ་སྙན་སེང་གསོལ་འདེབས་ཨུ་ནན་ཞུས་པས་ཞལ་བཞེས་གནང་ཐོབ་མ་བྱུང་བ་དང། ཞུ་ཡུལ་གཉིས་པ་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་སེང་ཨུ་ནན་ཞུས་པ་ལྟར་ཞལ་བཞེས་ལེགས་ཐོབ་བྱུང་སོང་བས། རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པ་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་ཞལ་བཞེས་ལེགས་ཐོབ་ཀྱི་བཀའ་དྲིན་སྤྱི་བསྩལ་བྱུང་བ་ལྟར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང། རང་གཞུང་ཆོས་རིག་ལས་ཁུངས་བཅས་ལ་སྙན་སེང་ཡིག་ཆུང་ཕུལ་ཟིན་པས་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པའི་མཚན་བཞེས་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང། མགོན་པོ་གང་ཉིས་སྐུ་ཚེ་བསྐལ་བརྒྱལ་བརྟན་ཅིང་ཐུགས་བཞེས་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་སྨོན་འདུན་ཞུ་རྒྱུ་བཅས་ཞེས་འཁོད་འདུག །

Share this:
༡༣༡ ཀློག་གྲངས།