བླ་མའི་ཚེ་བརྟན་དང་མི་བརྟན་ཟེར་རྒྱུ་ནི་བརྟན་བཞུགས་ཀྱི་ཆོ་ག་འདོན་པ་གཅིག་པུའི་སྐད་ཆ་མ་རེད།

ཟླ་འདིའི་ཚེས་ ༡༤ ཉིན་གྱི་སྔ་དྲོར་སུད་སི་དང་ལིཀ་ཏེན་སཊིན་བོད་མི་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་པར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་དབུ་མ་རིན་ཆེན་ཕྲེང་བ་དང་སྒོམ་རིམ་བར་པ། རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་བསྩལ་བ་དང་སྦྲགས། བོད་མི་ཚོས་མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག

His Holiness the 14th Dalai Lama, Visit to Switzerland, 12.-15.
tibet.net

བརྟན་བཞུགས་སྐབས་༸གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། “དེ་རིང་འདིར་སུད་སིར་གནས་འཁོད་བོད་མི་གཙོ་བོར་གྱུར་པའི་དད་པ་དང་དམ་ཚིག་མོས་པ་ཡོད་པ་ཚོ་ཐུན་མོང་ཐོག་ནས་བརྟན་བཞུགས་གནང་བ་འདི་ལྟར་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བླ་མའི་ཚེ་བརྟན་དང་མི་བརྟན་ཟེར་རྒྱུ་ནི་བརྟན་བཞུགས་ཀྱི་ཆོ་ག་འདོན་པ་གཅིག་པུའི་སྐད་ཆ་མ་རེད། དུས་རྒྱུན་དུ་དད་པ་དང་དམ་ཚིག་གཡོ་བ་མེད་པ་བརྟན་པོ་ཡོད་པ་ཡིན་སྟབས། གཙོ་བོ་བརྟན་བཞུགས་ངོ་མ་ནི་དད་པ་དང་དམ་ཚིག བླ་མ་དང་སློབ་མའི་འབྲེལ་བ། དེ་བཞིན་བོད་བསྟན་སྲིད་སྤྱིའི་དོན་དུ་ཆ་བཞག་ནའང་ང་རང་ཚོ་ཚང་མས་བོད་གངས་ཅན་པ་ཟེར་རྒྱུ་འདིའི་ཆོས་དང་རིག་གཞུང་།   དེང་སྐབས་འཛམ་གླིང་འདིའི་སྟེང་ཧ་ལམ་སངས་རྒྱས་པའི་ཆོས་བརྒྱུད་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་འདི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ནི། བོད་གངས་ཅན་པའི་ཆོས་པ་ཚོ་གཅིག་པུ་རེད་འདུག་མ་གཏོགས་གཞན་འཛམ་གླིང་འདིའི་སྟེང་ཧ་ལམ་མི་འདུག

བོད་གངས་ཅན་པས་ཟབ་ཅིང་རྒྱ་ཆེ་བའི་སངས་རྒྱས་པའི་བསྟན་པ་ཐོས་བསམ་སྒོམ་གསུམ་བྱས་ནས་ཤེས་གྲུབ་ཟུང་འབྲེལ་ཐོག་འཛིན་སྐྱོང་སྤེལ་གསུམ་ལོ་སྟོང་ཕྲག་རིང་ནས་བྱས་པ་རེད། ད་ལྟ་ཡིན་ནའང་འཛམ་གླིང་འདིའི་སྟེང་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་འདུག དེའི་དོན་དུ་གཙོ་ཆེ་གཞིས་ལུས་རྒྱ་ཆེ་མི་མང་དེ་དག་གིས་དངོས་གནས་ལྷག་བསམ་བློ་རྩ་བརྟན་པོ་བྱས་ཏེ་ལོ་དེ་དག་རིང་བསྡད་པ་རེད། བྱེས་སུ་འཁོད་པའི་བོད་པ་ཚོ་ཡིན་ནའང་བོད་རྒྱ་ཆེ་མི་མང་གི་ཚབ་ལྟ་བུ་བྱས་ཏེ་རང་དབང་ལུང་པའི་ནང་བོད་བསྟན་སྲིད་མི་རིགས་ཀྱི་སེམས་ཁུར་བླངས་ཏེ་ཚང་མས་ཧུར་ཐག་འབད་ཐག་བྱས་པ་རེད། དེར་བརྟེན་དད་པ་དང་དམ་ཚིག ལ་རྒྱ། ཞེན་ཁོག་གཡོ་བ་མེད་པ་ཡིན་སྟབས། དེ་འདྲའི་ཐོག་ནས་ཁྱེད་རང་ཚོས་བརྟན་བཞུས་གནང་བ་དེར་བདེན་པའི་ནུས་པ་ཞིག་ཏན་ཏན་ཡོང་གི་རེད། ཐུགས་རྗེ་ཆེ་”ཞེས་གསུངས་ཡོད་པ་རེད།

དེ་རྗེས་༸གོང་ས་མཆོག་གིས་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་བཀའ་སློབ་བསྩལ་དོན།  “ང་ཚོའི་བོད་མི་རིགས་འདི་ཧ་ཅང་སྔ་པོ་ནས་བྱུང་བ་ཞིག་རེད་འདུག ལོ་མང་པོ་ཞིག་གི་གོང་ངོས་རང་ཨ་རིའི་ཧར་ཝ་ཌིར་སླེབས་སྐབས་རྒྱ་མི་གནའ་དངོས་ཤུལ་རྫས་དཔྱད་རིག་པ་ཞིག་གིས་གསང་བའི་ཐོག་ནས་ངོས་རང་ཐུག་པ་རེད། དེ་དུས་ཁོང་གིས་པར་མང་པོ་ཞིག་ཁྱེར་འདུག ཁོང་གིས་གསུངས་པ་ལྟར་ན་བོད་ཀྱི་སྲིད་པའི་དཔལ་ཡོན་ Civilization བོད་པ་རང་ནས་བྱུང་བ་ཞིག་རེད་འདུག རྒྱ་ནག་ནས་བྱུང་བ་ཞིག་རེད་མི་འདུག རྒྱ་ནག་གཞུང་གིས་བོད་ཀྱི་མི་རིགས་དང་རིག་གཞུང་ཆགས་རྒྱུ་དེ་རྒྱ་ནག་ནས་བྱུང་བ་ཞིག་ཡིན་སྐོར་གཞུང་འབྲེལ་ཐོག་ནས་བཤད་བཞིན་ཡོད། ཁོང་གིས་ས་འོག་ནས་ཐོན་པའི་ཅ་ལག་དེ་ཚོར་ཞིབ་འཇུག་བྱེད་སྐབས་དེ་ལྟར་རེད་མི་འདུག བོད་ཀྱི་མི་རིགས་འཕེལ་རྒྱས་དང་རིག་གཞུང་ཆགས་རྒྱུ་དེ་བོད་ཀྱི་ས་ཁུལ་རང་ནས་བྱུང་བ་ཞིག་རེད་འདུག་ཅེས་བརྗོད་བྱུང་། གང་ལྟར་ལོ་རྒྱུས་ངོ་མ་དེ་རིམ་པས་ས་འོག་ནས་ཅ་ལག་ཐོན་པ་དེ་ཚོར་ཉམས་ཞིབ་བྱས་ནས་ཤེས་ཀྱི་རེད། དོན་དག་ཡང་སྙིང་དེ་སྔ་བོད་ཡིག་གཅིག་ཡོད་ནའང་དེ་ཙམ་གྱི་ཕྱུག་པོ་ཞིག་ཡོད་ས་མ་རེད་”ཅེས་བཀའ་སློབ་གནང་ཡོད་པ་རེད།

His Holiness the 14th Dalai Lama, Visit to Switzerland, 12.-15.༧གོང་ས་མཆོག་གིས་མུ་མཐུད་ནང་ཆོས་དང་འབྲེལ་ནས་བཀའ་སློབ་གནང་དོན། “མཁན་ཆེན་ཞི་བ་འཚོས་དབུ་འཁྲིད་ནས་བཀའ་བསྟན་བཅོས་བསྒྱུར་རྒྱུ་འགོ་བཙུགས་ནས་མིང་ཚིག་གསར་པ་བཟོ་གིན་བཟོ་གིན་བྱས་ནས་བོད་པའི་ཡི་གེ་དེ་ལེགས་སྦྱར་གྱི་ཡི་གེ་དང་ཏག་ཏག་འགྲོ་ཐུབ་མཁན་ཞིག་ཆགས་ཡོད། འཛམ་གླིང་འདིའི་སྟེང་སྐད་མི་འདྲ་བ་ཧ་ཅང་མང་པོ་ཡོད། ཡི་གེ་ཡོད་པའི་ཁོངས་བོད་ཡིག་དེ་རྙིང་ཤོས་གྲས་ཤིག་ཆགས་ཡོད། དེར་བརྟེན་ཡི་གེ་མང་པོ་ཡོད་པའི་ཁྲོད་ལེགས་སྦྱར་སྐད་དང་ཐག་ཉེ་ཤོས་དེ་བོད་ཡིག་ཆགས་ཡོད། བོད་ཀྱི་སངས་རྒྱས་པའི་ཆོས་དེ་དངོས་གནས་རང་ཧ་ལས་པ་རེད། དད་པ་བྱེད་རྒྱུ་དེ་ཆོས་ལུགས་ཚང་མར་ཡོད། ཡེ་ཤུ་དང་། ཁ་ཆེ། ཧིན་དུ། གཅེར་བུ་བ། དེ་དང་དེས་མཚོན་པའི་ཆོས་བརྒྱུད་ཚང་མས་དད་པ་རྩེ་གཅིག་ཏུ་ཡོད་པ་མ་ཟད་ཧ་ཅང་གལ་ཆེན་པོར་བརྩི་བཞིན་ཡོད། མི་འདྲ་བའི་ཁྱད་པར་དེ་སངས་རྒྱས་པའི་གཞུང་གིས་དད་པ་དང་ཤེས་རབ་གཉིས་ནས་ཤེས་རབ་དེ་གཙོ་བོ་བརྩི་ཡི་ཡོད། དེར་བརྟེན་བཅོམ་ལྡན་འདས་ཀྱི་མདོ་ལ་ཆ་བཞག་ནའང་དཔེར་ན་ཤེས་རབ་སྙིང་པོ་ཆ་བཞག་ན། མཚན་དེར་ཤེར་ཕྱིན། ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་མཚན་བཏགས་ཡོད། སྙིང་རྗེའི་ཕ་རོལ་ཏུ་ཕྱིན་པ། བྱམས་པའི་ཕ་རོལ་དུ་ཕྱིན་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་གསུངས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟེར་བ་དེས་ཤེས་རབ་དེ་གལ་ཆེན་པོ ཞིག་ལ་བརྩི་བཞིན་ཡོད། གང་ལྟར་ཡང་སྙིང་ཤེས་རབ་གལ་ཆེན་པོ་ཡིན་དུས་སློབ་གཉེར་བརྒྱབ་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། དེར་བརྟེན་བཅོམ་ལྡན་འདས་ཀྱིས་གསུང་པའི་མདོའི་དགོངས་འགྲེལ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་འགྲེལ་བ་མང་པོ་བརྩམས་པ་དེ་དག་སློབ་གཉེར་བརྒྱབ་ཆེད་བརྩམས་པ་ཞིག་རེད་མ་གཏོགས། ཀླུ་སྒྲུབ་ལ་སོགས་པས་ཁོང་ཚོའི་ Phd ལྟ་བུའི་ཆེད་བྲིས་པ་ཞིག་མིན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་གལ་ཆེན་པོ་རེད། སློབ་གཉེར་བརྒྱབ་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་སྤེལ་དགོས་རེད་མ་གཏོགས། སློབ་གཉེར་མ་བརྒྱབ་པར་དད་པ་བྱས་ནས་བསྡད་ན་ཞེ་དྲགས་ཡར་རྒྱས་འགྲོ་རྒྱུ་མེད། དེར་བརྟེན་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དེར་བརྟེན་ངས་ནམ་རྒྱུན་ནང་ཆོས་འཆད་སྐབས་སློབ་གཉེར་བརྒྱབ་རྒྱུ་གལ་ཆེན་པོ་རེད། ཅེས་དུས་རྟག་ཏུ་འདི་ལྟར་བཤད་ཀྱི་ཡོད། ངོས་ཀྱིས་ནམ་རྒྱུན་ནང་ཆོས་སྤྲོད་བྱས་རྗེས་ནང་ཆོས་གང་ཞིག་བཤད་ཀྱི་ཡོད་ནའང་དེའི་དངོས་གཞི་གཞུང་བཤད་ཀྱི་ཡོད། གང་ལ་ཞེ་ན། ངོས་རང་ལོ་ ༨༡ ལ་སླེབས་ཡོད། ངོས་རང་གིས་ཉམས་མྱོང་མང་པོ་ཞིག་བསགས་ཡོད།

དེ་སྔ་བོད་ཀྱི་ནང་ཆོས་ལ་དད་པ་ཧ་ཅང་ཡོད་ཀྱང་སློབ་གཉེར་བརྒྱབ་རྒྱུར་དང་འདོད་དེ་ཙམ་མེད་པའི་བཟོ་འདྲ་འདུག བླ་མ་ཚོས་གསུང་ཆོས་གནང་སྐབས་མདོར་བསྡུས་བྱས་ནས་དད་པ་གལ་ཆེན་པོ་རེད་ཟེར་རྒྱུ་ལྟ་བུའི་ཐོག་མ་གཏོགས། སངས་རྒྱས་པའི་ལྟ་གྲུབ་ཐོག་ནས་ཁྱད་དུ་འཕགས་པ་ཡོད་པ་དེ་ངོ་སྤྲོད་གནང་མཁན་ཉུང་ཉུང་རེད་འདུག ང་ཚོའི་བླ་མ་གོང་མའི་གསུང་རྩོམ་དེ་དག་ལྟ་སྐབས་མང་ཆེ་བ་ཁ་ཐུག་གི་ངེས་འབྱུང་བསྒྲུབ་རྒྱུ་མ་གཏོགས། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཞིབ་ཚགས་པོའི་ཐོག་གཏན་ལ་ཕབ་པ་དེ་ཞེ་དྲགས་མེད་པའི་བཟོ་འདྲ་འདུག ང་ཚོའི་གོམས་གཤིས་འདི་རྗེས་ལུས་རེད་འདུག ང་ཚོའི་གོམས་གཤིས་ཡིན་ཞེས་རྗེས་ལུས་སྒང་ལ་བསྡད་ན་ཡག་པོ་གང་ཡང་མི་འདུག ང་ཚོས་རང་གི་གོམས་གཤིས་དེ་རྗེས་ལུས་ཡིན་པར་ངོས་འཛིན་པའི་ཐོག་ནས་དེ་ལས་རྒྱལ་ཏེ་ཡར་ཐོན་བྱེད་ཐུབ་པ་ཞིག་དགོས་ཀྱི་ཡོད།

དེར་བརྟེན་དཔེ་ཆ་བལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ནང་པའི་ཆོས་དེ་རྒྱུ་མཚན་གྱི་ཐོག་ནས་བཤད་ཐུབ་པ་ཞིག་བྱེད་དགོས། སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངའི་རྗེས་འབྲང་པ་དགེ་སློང་དང་མཁས་དབང་དེ་ཚོ་གྲས་ཀྱིས་ངའི་བཀའ་དེར་མོས་པ་དང་ཡིད་ཆེས་བྱས་ཏེ་ཁས་ལེན་བྱེད་དགོས་མ་རེད། ངས་གསུང་པའི་ཆོས་ཚུལ་དེར་ཁྱེད་རང་ཚོས་རིགས་པའི་ལམ་ནས་བརྟག་དཔྱད་བྱས་པའི་ཐོག་ཚོད་ལྟ་བྱས་ནས་དངོས་གནས་ཡིད་ཆེས་འཕེར་བ་ཞིག་འདུག་ན་ཁས་ལེན་བྱོས་ཞེས་གསུངས་ཡོད། ཀླུ་སྒྲུབ་ལ་སོགས་པའི་ནཱ་ལེནྡྲའི་མཁས་པ་ཚོས་སངས་རྒྱས་ཀྱི་བཀའ་ལ་དཔྱད་པ་གནང་སྟེ་བཀའ་འདི་སྒྲ་ཇི་བཞིན་པ་ཁས་བླངས་ན་རིག་པས་གནོད་པ་འདུག དེར་བརྟེན་སྒྲ་ཇི་བཞིན་པ་ཁས་བླངས་ན་འགྲིག་གི་མེད། བཅོམ་ལྡན་འདས་ཀྱིས་དགོངས་གཞི་དང་དགོས་པ་དེ་དྲའི་ཐོག་ནས་གསུངས་པ་ཞིག་རེད་མ་གཏོགས་སྒྲ་ཇི་བཞིན་པར་ཁས་བླངས་ན་རིག་པས་གནོད་པ་འདུག་ཅེས་གསུངས་ཡོད། ནཱ་ལེནྡྲ་མཁས་པ་དེ་དག་གིས་འགྲོ་སྟངས་དེ་སྤྱིར་ནང་པའི་ཆོས་དེའི་ནང་ཚན་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་གཏན་ལ་ཕབ་པ་དེ་དག་རིགས་པ་གཙོ་བོ་བྱས་ནས་འགྲོ་རྒྱུ་ཞིག་གསུངས་ཀྱི་ཡོད། རིགས་པ་གཙོ་བོ་བྱས་ནས་གསུངས་པ་ཡིན་དུས་དེང་སྐབས་ཚན་རིག་པ་དང་ལྷན་ཐུག་སྟེ་སྐད་ཆ་བཤད་སྐབས་དཔྱད་པ་བྱེད་སྟངས་དང་བསམ་བློ་གཏོང་སྟངས་དེ་གཅིག་མཚུངས་འགྲོ་བཞིན་ཡོད་”  ཅེས་སོགས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད། །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༥༨ ཀློག་གྲངས།