ཆབ་སྲིད་བཙོན་ཟུར་སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་སྐུ་གཤེགས་པ།

ཟླ་འདིའི་ཕྱི་ཚེས་༡༥ ཉིན་རྒྱ་གར་གྱི་གྲོང་ཁྱེར་ཧའེ་དྷར་བྷ་ཌའི་སྨན་ཁང་ཞིག་ཏུ་རྒྱ་ནག་གཞུང་གི་བཙོན་ཁང་དུ་བོད་དོན་ཆེད་མི་ལོ་ཧྲིལ་པོ་༢༠ བཞུགས་མྱོང་བའི་ཆབ་སྲིད་བཙོན་ཟུར། སྔ་འགྱུར་བསྟན་པའི་གསལ་བྱེད་སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

unnamedདེ་ཡང་སྔ་འགྱུར་བསྟན་པའི་གསལ་བྱེད་སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ཟླ་༡༡ ཚེས་༡༠ དུས་ཚེས་ཁྱད་པར་ཅན་དང། ཕྱི་ལོ་༡༩༢༩ ལོར་དེང་དུས་རྒྱ་གར་འབྲས་ལྗོངས་མངའ་སྡེའི་ས་ཆ་གཡང་ཐང་ཞེས་པར་སྐུ་བལྟམས། ངེས་དོན་རྡོ་རྗེའི་གཏེར་ལུང་དུ་མ་ནས་མངོན་པར་བསྔགས་པ་བཞིན། རྒྱལ་བ་ལྷ་བཙུན་ཆེན་པོ་དང༌། དེའི་རྣམ་འཕྲུལ་ཁྲག་འཐུང་འཇིགས་མེད་དཔའ་བོ། དེའི་ཡང་སྤྲུལ་མདོ་མང་གཏེར་ཆེན་རྡོ་རྗེ་བདེ་ཆེན་གླིང་པའི་ཡང་སྤྲུལ་མདོ་མང་གཡང་ཐང་རིན་པོ་ཆེའམ། ཀུན་བཟང་འཇིགས་མེད་བདེ་ཆེན་འོད་གསལ་རྡོ་རྗེ་མཆོག་ནི། རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སོགས་སྐྱེས་ཆེན་དུ་མས་ལུང་བསྟན་པ་བཞིན་ངོས་འཛིན་མཛད།

མདོ་མང་སོག་སྤྲུལ་རིན་པོ་ཆེ་སོགས་ཀྱིས་བསླུ་ཡོན་གསེར་དང་དངུལ། རིན་པོ་ཆེ་སོགས་ནོར་སྣ་མང་པོ་ཕུལ་ནས། དགུང་གྲངས་དགུའི་ཐོག་སྦས་ཡུལ་འབྲས་མོ་ལྗོངས་ནས་སྟོན་འཁོར་རྣམས་ཆིབས་ཐོན་གྱིས་བོད་ཀྱི་ཡུལ་དབུས་ལྷ་ས་སོགས་བརྒྱུད་ནས་ཕེབས་པ་དང། ལམ་བར་ནས་དབུས་གཙང་གི་གནས་ཆེན་ཁག་ལ་གནས་སྐོར་མཆོད་མཇལ་སོགས་གནང་ནས། དགུང་གྲངས་བཅུ་བཞི་སོན་པ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ཕྱི་ལོ་༡༩༤༢ ལོར་དེང་དུས་བྲག་མགོ་རྫོང་གི་ཁོངས་གཏོགས་མདོ་མང་སྐལ་བཟང་དགོན་དུ་ཞབས་སོར་འཁོད་ཅིང། སྐུ་གོང་མའི་ཁྲི་ལ་མངའ་གསོལ།

རྗེ་འདི་ཉིད་ཀྱིས་སྐུ་ན་ཆུང་ངུའི་དུས་ནས་སྐུ་གོང་མའི་དངོས་སློབ་མདོ་མང་སོག་སྤྲུལ་རིན་པོ་ཆེ་མཆོག་གིས་གཙོས་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་ཡི་གེ་འབྲི་ཀློག གར་ཐིག་དབྱངས་གསུམ་སོགས་རྡོ་རྗེ་སློབ་དཔོན་ལ་མཁོ་བའི་ལས་སོགས་ལ་སྦྱང་བརྩོན་གནང་བ་མ་ཟད། གཞན་ཡང་རྫ་ཁ་བླ་མ་ཚུལ་ལོ། དཔལ་ཡུལ་མ་དགོན་ནས་ཆེད་གཏོང་གནང་བའི་མཁན་ཆེན་པདྨ། མཁན་པོ་བློ་བཟང་ཆོས་གྲགས། སྤྲུལ་སྐུ་ཡེ་ཤེས་རྡོ་རྗེ།  ར་ཧོབ་རྫོགས་སྤྲུལ། མཁན་པོ་ཡོན་དགའ། ཁྲག་འཐུང་བདུད་འཇོམས་གླིང་པའི་གདུང་སྲས་ལྕགས་ཁུང་སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ། གཡུ་ཁོག་བྱ་བྲལ་བ། མ་ཎི་བླ་མ་པདྨ་སིདྡྷི་སོགས་མཚན་ཉིད་དང་ལྡན་པའི་སྐྱེས་བུ་དུ་མའི་མདུན་ནས་མདོ་སྔགས་གཞུང་ལུགས་རབ་འབྱམས་ཐུན་མོང་རིག་གནས་དང་བཅས་པ་ལ་གསན་བསམ་སྒྲུབ་པ་མཐར་ཕྱིན་ཅིང་ངེས་པ་དོན་གྱི་སྦས་པའི་རྣལ་འབྱོར་པ་ཆེན་པོའི་བརྟུལ་ཞུགས་དང་དུ་བླངས་ནས་མཚམས་བསྙེན་སྒྲུབ་ཁོ་ན་ལ་ཐུགས་དམ་རྩེ་གཅིག་ཏུ་གཞོལ། སྐབས་དེར་གུ་རུ་དྲག་པོའི་སྒྲུབ་ཐབས་དང༌། སྔགས་སྲུང་མའི་གསོལ་མཆོད་སོགས་གཏེར་ཆོས་འགའ་ཡང་དགོངས་གཏེར་གྱི་ཚུལ་དུ་བཞེས་ཤིང། རྗེ་འདི་ཉིད་ཀྱི་ཐུན་མིན་བླ་མའི་གཙོ་བོ་གྲུབ་ཆེན་གླིང་སྤྲུལ་རིན་པོ་ཆེ་དང། ༸སྐྱབས་རྗེ་དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེ། སེ་ར་ཡང་སྤྲུལ་རིན་པོ་ཆེ་སོགས་ཡིན་ཚུལ་ཁོང་ཉིད་ཀྱིས་ཡང་ཡང་གསུངས།

ཀླ་ཀློའི་དམག་དཔུང་བོད་དུ་སླེབས་སྐབས་རྒྱ་དམར་གཞུང་གི་འཛིན་བཟུང་བྱས་ནས་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ནས་བཙོན་ཁང་དུ་མི་ལོ་༢༠ བཞུགས་དགོས་བྱུང། སྐབས་དེར་ཁོང་བཞུགས་སའི་བཙོན་ཁང་དུ་ཁམས་ཕྱོགས་ཀྱི་བླ་སྤྲུལ་གང་མང་ཞིག་བཞུགས་ཡོད་པ་དང། གཙོ་ཆེ་ཤོས་སེ་ར་ཡང་སྤྲུལ་རིན་པོ་ཆེ་ཡང་ཁོང་དང་བཙོན་ཁང་གཅིག་ཏུ་བཞུགས་ཡོད་པས། དུས་རྒྱུན་ཟབ་གསང་གི་ཉམས་ལེན་མང་པོ་མནོག་ཆོས་སུ་ཐོབ་པ་དང། སྐབས་དེར་སྐུ་ཚེགས་སྐུ་ངལ་དང་མནར་གཅོད་སྣ་ཚོགས་མྱོང་དགོས་བྱུང་ཡང། བདེ་སྡུག་གཏོང་ལེན་དང། རྐྱེན་ངན་དགེ་བའི་སྐུལ་མ་རུ་གཟིགས་ནས་ཉམས་བཞེས་གཙོ་བོ་མཛད་ནས་བཞུགས་པས། ཁོང་གིས་ཉམས་ལེན་གྱི་གཙོ་བོ་བཙོན་ཁང་ནས་བྱེད་ཐུབ་པ་བྱུང་སོང་ཞེས་ཞལ་སློབ་འབྲེལ་ཡོད་རྣམས་ལ་ཞོར་འཕྲོས་སུ་གསུངས་འདུག

རྒྱ་གཞུང་གི་སྲིད་བྱུས་ཅུང་གུ་ཡངས་སུ་བཏང་བའི་སྐབས་སུ་རྗེ་འདི་ཉིད་ཀྱང་བཙོན་གྲོལ་ཐོབ་པ་དང། ཁོང་ནི་མི་མང་གིས་དད་གུས་ཆེན་པོ་ཞུ་ཡུལ་གྱི་བླ་ཆེན་ཞིག་ཡིན་པ་མ་ཟད། འཁྲུངས་ཡུལ་རྒྱ་གར་གྱི་མངའ་ཁོངས་ཡིན་སྟབས་རྒྱ་གཞུང་གིས་དཀར་མཛེས་ཁུལ་ཆབ་སྲིད་གྲོས་མོལ་ཁང་དུ་ཕྱག་ལས་གོ་སྒྲིག་ཞུས་པ་བཞིན། ཁོང་གིས་ཀྱང་དེ་འབྲེལ་བོད་རྒྱལ་བསྟན་རིག་གཞུང་སླར་གསོ་དང་འབྲེལ་བའི་ལས་དོན་ཐོག་ལ་ཕྱག་ལས་གནང་།

བཙོན་གྲོལ་ཐོབ་རྗེས་རྒྱུན་རིང་བོད་དུ་མ་བཞུགས་པར་རྗེ་འདི་ཉིད་ཀྱི་འཁྲུངས་ཡུལ་དུ་ཞབས་སོར་འཁོད་ཅིང་། རྒྱ་བལ་འབྲུག་གསུམ་ཁུལ་དང་། ཕྱི་རྒྱལ་གྱི་ཡུལ་གྲུ་དུ་མར་ཞབས་སོར་འཁོད་ནས་ཞལ་སློབ་མང་པོ་རྗེས་སུ་བཟུང་། ལྷག་དོན་དུ་ཕྱི་ལོ་༢༠༠༠ ལོར་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེས་ཇི་ལྟར་གསོལ་འདེབས་གནང་བ་བཞིན། རྒྱ་གར་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གིས་དབུས་འདུས་མང་ཡོངས་ལ། ཁོང་གི་སྐུ་གོང་མ་མདོ་མང་གཏེར་ཆེན་གྱི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་གནང། གཞན་ཡང་སྔ་འགྱུར་བཀའ་མའི་བཀའ་དབང་ཐེངས་ཁ་ཤས་དང་། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་ཆོས་སྐོར། གཏེར་སྟོན་འཇའ་ཚོན་སྙིང་པོའི་ཆོས་སྐོར། སྙིང་ཐིག་ཡ་བཞིའི་དབང་ལུང་། སྔ་འགྱུར་བཀའ་མའི་ལྗགས་ལུང་དང་བཀའ་བརྒྱད་བདེ་གཤེགས་འདུས་པའི་བཀའ་དབང་བཅས་གནང། རིག་འཛིན་འཇིགས་མེད་གླིང་པའི་ཆོས་སྐོར། མདོ་མང་གཏེར་ཆེན་གྱི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་གནང་བ་སོགས་ཀྱིས་མཚོན། དད་ལྡན་གྱི་སློབ་བུ་ཁྲི་ཕྲག་དུ་མར་དམ་པའི་ཆོས་ཀྱིས་ཚིམ་པར་མཛད་ཅིང། སྐལ་ལྡན་གྱི་སློབ་བུ་དུ་མ་སྨིན་གྲོལ་གྱི་ལམ་དུ་བཀོད་པ་སོགས་སྐུ་མ་གཤེགས་པའི་བར་དད་ལྡན་གྱི་སློབ་མ་རྣམས་ལ་དབང་ལུང་མན་ངག་གི་བཀའ་དྲིན་བླ་མེད་དུ་བསྩལ།

རྒྱལ་བསྟན་ཡང་དར་གྱི་སྐབས་སུ་རྗེ་འདིའི་སྐྱོང་ཡུལ་མདོ་མང་དགོན་གྱི་ཚོགས་ཆེན་འདུ་ཁང་རྟེན་དང་བརྟེན་པ་སོགས་གསར་བཞེངས་གནང་བ་དང། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནས་སྒོ་ཐོག་མ་ཕྱེ་བའི་སྐབས་སུ་རྒྱལ་བ་ལྷ་བཙུན་ཆེན་པོ་དང། མངའ་བདག་སེམས་དཔའ་ཆེན་པོ། ཀཿཐོག་ཀུན་ཏུ་བཟང་པོ་བཅས་མཉམ་དུ་ཕེབས་ཡོད་པ་དང། དེའི་ནང་ནས་མངའ་བདག་སེམས་དཔའ་ཆེན་པོའི་གདན་ས་ཕོ་བྲང་དམར་པོ་རུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཁང་གསར་བཞེངས་དང་འབྲེལ་མངའ་བདག་བྱང་ཆུབ་ཆོས་གླིང་ཞེས་མཚན་གསོལ། དེ་བཞིན་ཀཿཐོག་ཀུན་ཏུ་བཟང་པོའི་གདན་ས་མཎྜལ་སྒང་ཀཿཐོག་དགོན་དུ་གུ་རུ་རིན་པོ་ཆེའི་ལྷ་ཁང་གསར་བཞེངས་དང་ཡུག་གསུམ་གྲོང་དཀྱིལ་དུ་འཛམ་གླིང་དུ་དཀོན་པའི་ཟངས་གསེར་ལས་གྲུབ་པའི་དུང་འཁོར་ཆེན་པོ་བཅོ་བརྒྱད་གསར་བཞེངས་གནང་བས་མཚོན། རྒྱལ་བསྟན་སླར་གསོ་དང་འབྲེལ་བའི་ཕྱག་ལས་རླབས་ཆེན་མང་པོ་མཛད་ནས་མཐར་དགུང་གྲངས་༨༨ ཕེབས་པ་ཕྱི་ལོ་༢༠༡༦ ཟླ་༡༠ ཚེས་༡༥ ཉིན་སྐུ་གཤེགས་ཡོད་པ་རེད།།

 

Share this:
༨༠༩ ཀློག་གྲངས།