སི་ལོ་ཝ་ཁི་ཡའི་སྲིད་འཛིན་༧གོང་ས་མཆོག་དང་མཇལ་འཕྲད་གནང་བར་རྒྱ་ནག་གིས་འཁོན་ལན་སློག་གི་ཡིན་ཟེར།

ཟླ་འདིའི་ཕྱི་ཚེས་༡༧ ཉིན་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཧུ་ཅང་ཡིང་(Hua Chunying) གིས་སི་ལོ་ཝ་ཁི་ཡའི་(Slovakia) སྲིད་འཛིན་ཨན་ཌེར་ཇི་ ཀི་སི་ཀ་(Andrej Kiska) ༧གོང་ས་མཆོག་དང་མཇལ་འཕྲད་གནང་བར་རྒྱ་ནག་གིས་འཁོན་ལན་སློག་གི་ཡིན་ཞེས་བརྗོད་ཡོད་འདུག

14741802_255249361543793_2046439946_nདེ་ཡང་ཉིན་ཤས་སྔོན་ནས་༧གོང་ས་མཆོག་ཡོ་རོབ་ཏུ་ཆིབས་བསྒྱུར་བསྐྱངས་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་༡༦ ཉིན། སི་ལོ་ཝ་ཁི་ཡའི་རྒྱལ་ས་བྷི་ར་སི་ཊི་ སི་ལ་ཝ་(Bratislava) རུ། ༧གོང་ས་མཆོག་དང་རྒྱལ་ཁབ་དེའི་སྲིད་འཛིན་ཨན་ཌེ་ཇི་ཀི་སི་ཀ་རྣམ་གཉིས་མཇལ་འཕྲད་ཀྱིས་གུང་ཚིགས་མཉམ་བཞེས་གནང་བ་དེར་རྒྱ་ནག་གིས་ཁོང་ཁྲོའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་བརྗོད་དོན་དུ། “རྒྱ་ནག་གིས་དགག་བྱ་ཤུགས་ཆེན་བྱེད་མིན་ལ་མ་ལྟོས་པར། ཨན་ཌེ་ཇི་ ཀི་སི་ཀས་༧གོང་ས་མཆོག་དང་མཇལ་འཕྲད་བྱས་པ་ནི། སི་ལོ་ཝ་ཁི་ཡའི་གཞུང་གིས་མེས་རྒྱལ་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ལ། སྲུང་སྐྱོབ་བྱེད་རྒྱུའི་ཁས་ལེན་བྱས་པ་དང་ནང་འགལ་ཆགས་ཡོད་རེད་”ཅེས་བརྗོད་ཡོད་པ་དང་། དེ་བཞིན་ཁོས་“མཇལ་འཕྲད་དེར་རྒྱ་ནག་གིས་ངོས་ནས་སེམས་ཐག་གཙང་གཅད་ཀྱིས་ངོ་རྒོལ་ཡོད་ལ། དེར་དཔག་པའི་ལན་སློག་གི་ཡིན་”ཞེས་བརྗོད་ཡོད་འདུག

ཡང་ཁོས་“ཏཱ་ལས་དུས་ཡུན་རིང་པོར་བོད་དེ་རྒྱ་ནག་དང་ཁ་བྲལ་ཡོང་ཐབས་སུ་འབད་ཡོད་པས། སུས་ཁོང་དང་ལྷན་དུ་རྣམ་པ་ག་འདྲ་ཞིག་གི་ཐོག་ནས་འབྲེལ་བ་བྱས་ན་རྒྱ་གཞུང་གིས་དེར་དགག་བྱ་ཡོད།”ཅེས་དང་། “ང་ཚོའི་རེ་བར་སི་ལོ་ཝ་ཁི་ཡའི་ཕྱོགས་ནས། རྒྱ་གཞུང་གི་ཁ་གཏད་དུ་ལངས་པའི་ཏཱ་ལའི་ཁ་བྲལ་རུ་ཚོགས་ཀྱི་རང་བཞིན་རིམ་བཞིན་གསལ་པོར་རྟོགས་ནས། རྒྱ་གཞུང་གི་ཁེ་ཕན་གཙོ་བོ་ལ་གུས་ཞབས་བྱེད་པའི་རེ་བ་རྒྱག་གི་ཡོད་”ཅེས་བརྗོད་ཡོད་འདུག

མ་ཟད་རྒྱ་ནག་གིས་ཟླ་སྔོན་མའི་ནང་༧གོང་ས་མཆོག་ཧྥ་རན་སིའི་གྲོང་ཁྱེར་སི་ཊ་སི་བྷོར་(Strasbourg)རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ནང་ཆིབས་སྒྱུར་གནང་བ་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ་བཅས་ལ་ཡང་ཁོང་ཁྲོའི་རྣམ་འགྱུར་བསྟན་ཡོད་འདུག ས
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༣༣ ཀློག་གྲངས།