ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་བ།

དེ་ཡང་ཚོགས་གཙོ་ཇར་ཛི་བུ་ཛེཀ་མཆོག་གིས་གསུང་དོན། འདི་ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ཉིན་ནི་བོད་མི་རྣམས་ཀྱིས་རྒྱ་ནག་དབང་འཛིན་པར་ཞི་བའི་ངོ་རྒོལ་བྱས་ནས་ལོ་༥༡ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པ་དང༌། བོད་ཀྱི་༧གོང་ས་མཆོག་གི་སྐུ་ཚབ་དང་བོད་མི་༨༠༠༠༠ ལྷག་ཙམ་བོད་ནས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། ང་ཚོས་རྒྱུན་དུ་རྒྱ་ནག་གི་དཔོན་རིགས་ཚོར་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུུ་ཚབ་དང་ལྷན་རྒྱ་ནག་གཞུང་གི་འབྲེལ་མོལ་བྱེད་ཕྱོགས་ཀྱི་ལངས་ཕྱོགས་དེར་བསྒྱུར་བཅོས་དང༌། འབྲེལ་མོལ་བསྐྱར་མཐུད་བྱེད་རྒྱུར་རེ་འདུན་བྱེད་བཞིན་ཡོད་ཅེས་གསུངས་ཡད་པ་རེད། གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ནི་རྒྱལ་སྤྱིའི་བོད་ཀྱི་དུས་དྲན་ཉིན་མོ་ཞིག་ཡིན་པས། ཉིན་དེར་གྲོས་ཚོགས་ཀྱི་ཚོགས་མི་བརྒྱ་སྐོར་ཞིག་གིས་རང་གི་མདུན་ཅོག་སྟེང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་དང། དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་གནང་བར་ཚོགས་མི་ཚོས་དགའ་བསུ་ཤུགས་ཆེ་ཞུས་ཡོད་འདུག
ཉིན་དེར་བོད་མིར་རྒྱབ་སྐྱོར་མཚོན་སླད་རྒྱལ་དར་བསྒྲེངས་འཛུགས་ཀྱི་ལས་འགུལ་སྤེལ་མཁན་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ལགས་ཀྱིས་གསུང་དོན། གསུམ་བཅུའི་དུས་དྲན་ནི་མྱ་ངན་གྱི་ཉིན་མོ་ཞིག་ཡིན་པ་དང༌། ཉིན་མོ་དེ་ནི་གདུང་སེམས་མཉམ་བསྐྱེད་དང་ཆིག་སྒྲིལ་གྱིས། རང་དབང་དང་བསམ་བློའི་རང་དབང་དང། ཆོས་དང་རིག་གཞུང། འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྩིས་མེད་རྡོག་རོལ་བཏང་བ་དེར་གདོང་ལེན་བྱེད་རྒྱུ་ཡིན། དེ་རིང་འཛམ་གླིང་ཕྱོགས་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོས་གཞུང་གི་ལས་ཁུངས་སོ་སོའི་ཁང་ཐོག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད། ལོ་ལྟར་ཡུ་རོབ་ནང་གྲོང་ཁྱེར་དང་ཚོགས་པ་སྟོང་ཚོ་བརྒལ་བས་གསུམ་བཅུའི་དུས་དྲན་ལ་མཉམ་ཞུགས་གནང་སྟེ། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་བོད་མི་ཚོར་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཤུགས་ཆེ་ཞིག་སྤྲད་ཡོད་ཅེས་བརྗོད་ཡོད་པ་རེད། ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་ཡུ་རོབ་ས་ཁུལ་འདྲ་མིན་ཁག་ནས་གྲོས་ཚོགས་ཀྱི་འཐུས་མི་གྲངས་༡༡༠ ལྷག་ཙམ་ཡོད་པ་རེད།།

Share this:
༢༢ ཀློག་གྲངས།