ཨོ་གླིང་སིད་ནི་བོད་ཡིག་སློབ་གྲྭ་གླེང་བའི་གཏམ་རེ་བའི་མེ་སོན་ཞེས་བྱ་བ།

རྫ་ཚེ་རིང་བཀྲ་ཤིས། (2016/10/24)

སངས་རྒྱས་ལ་ཕྱག་འཚལ་ལོ།།

འཛམ་གླིང་རྒྱལ་ཁབ་ཨང་ལྔ་བ། 

དེ་ཡང་། ཨོ་སི་ཐྲི་ལི་ཡ་ནི་ལུང་པ་ཡག་པོ་ཞིག་རེད། འཛམ་གླིང་ཚང་མས་ཡིན་སྨོན་བྱེད་ས་ཞིག་ཡིན། ས་ཆ་འདིར་འབགས་བཙོག་གི་ཚད་གཞི་ཧ་ཅང་དམའ། འགྲོ་བ་མི་དང་རང་བྱུང་སྐྱེ་ཁམས་འཆམ་མཐུན་ངང་གནས་ཡོད། མི་རྣམས་ལ་བག་ཕེབས་དང་ཞི་བདེ་ཡག་ཐག་ཆོད་འདུག རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤུས་ཚད་འཛམ་བུ་གླིང་གི་ཨང་ལྔ་པའི་གོ་གནས་ཟིན། གསལ་ལ་མཚེར་བའི་ཉི་འོད་དང་། མཛེས་སྡུག་ལྡན་པའི་ཁོར་ཡུག་གིས་མི་ཚོའི་ཡིད་དབང་ཕྲོག མང་གཙོ་དང་འདྲ་མཉམ་གྱི་ཁྲིམས་ཀྱིས་བདེ་འཇགས་དང་ཡིད་རྟོན་གྱི་འཚོ་བར་ཁག་ཐེག་བྱེད། རྒྱལ་ཁབ་གཞན་གྱི་ཕྱུག་པོ་ཚོས་སྒོར་ས་ཡ་ཡི་མ་རྩ་བཞག་ནས་ས་ཆ་འདིའི་གཏན་སྡོད་ཀྱི་ཐོབ་ཐང་ཨེ་ལོན་ལྟ་བ་བཅས་ཡིན།

དེའི་ནང་ནས་གྲོང་ཁྱེར་སིད་ནིའི་ནི་ཨོ་གླིང་གི་ཚོང་ལས་ཀྱི་ལྟེ་བ་དང་། གྲོང་ཁྱེར་ཆེ་ཤོས་ཨང་དང་པོ་ཡིན། སིད་ནིའི་ཡི་མཐའ་ཚང་མ་རྒྱ་ཆེ་བའི་གྲོང་བརྡལ་དང་། གྲོང་ཚོ་ཆུང་ཆུང་། ཞིང་ཁ་འབྲོག་ལྷས། ནགས་ཚལ་དང་རྩྭ་ཐང་། ཆུ་ཕྲན་དང་་མཚོ་ལག་སོགས་ཀྱིས་བསྐོར་ཡོད། མཛེས་སྡུག་ལྡན་པའི་རྒྱ་མཚོའི་གྲམ་ཁ་མང་པོ་ཡོད།

སིད་ནི་བྱང་ཁུལ་གྱི་བོད་པ།

སིད་ནིའི་བྱང་བརྒྱུད་ཀྱི་གྷྲི་ཝའི་(δεε ωηψ)ཞེས་པའི་ས་ཆ་ནི་དེའི་ནང་གི་ས་ཁུལ་གཅིག་རེད། ཨོ་གླིང་དུ་བོད་རིགས་སྟོང་གཉིས་ཡས་མས་གཞིས་ཆགས་སུ་བསླེབས་ཡོང་ཡོད་པའི་ནང་གི་མང་ཤོས་གནས་ཡུལ་ནི་སིད་ནི་དང་། དེའི་ནང་ནས་གྷྲི་ཝའི་ཡི་ཕྱོགས་རེད། ས་ཆ་འདིར་བོད་པ་སྟོང་ཕྲག་གཅིག་ལྷག་ཡོད། མང་ཆེ་བ་༡༩༩༧ ལོ་ནས་བོད་པ་རྣམས་འགྲོ་བ་མིའི་སྙིང་རྗེའི་ལས་འཆར་གྱི་ཐོངས་མཆན་ཐོག་ཡོང་ཡོད། དེ་ཡང་རྩ་བ་དེད་ན། ༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་གྱིས་ཐོངས་མཆན་དེ་ཐོབ་པ་རེད། ང་ཚོ་གནམ་ཐང་དུ་གོམ་པ་སྤོས་མ་ཐག་ནས། དམག་ཁོངས་སུ་ཞུགས་པ་དང་། འོས་ཤོག་འཕེན་པ་ལས་གཞན། རྒྱལ་ཁབ་འདིའི་སྤྱི་དམངས་ཤིག་ལ་གང་ཡོད་པའི་ཐོབ་ཐང་ཆ་ཚང་གནང་ཡོད། དེ་ནི་ཡོ་རོབ་དང་ཨ་རིར་ཕེབས་མཁན་གྱི་བོད་པ་དང་། ས་ཆ་འདིའི་མི་རིགས་གཞན་མང་པོ་ཞིག་ལ་ཐོབ་དཀའ་བའི་བདག་རྐྱེན་ཞིག་རེད།

ངས་གཞུང་ཞེན་རང་ལུགས་ཀྱི་སྐད་ཆ་བཤད་ཀྱི་མེད། ང་ལ་སུ་ཞིག་གི་ཀླད་པ་བཀྲུ་རྒྱུའི་ལས་འགན་སྤྲད་མེད། འོན་ཀྱང་། ང་ཚོར་གཞན་ལ་མེད་པའི་མཐུན་རྐྱེན་ཡག་པོ་ཐོབ་ཡོད་པ་གསལ་པོ་རེད། དུས་རྒྱུན་མི་སུ་ཡིན་ཡང་སོ་སོའི་བཟང་ཕྱོགས་ཀྱི་གནས་བབ་ངོས་ཟིན་དང་། བཀའ་དྲིན་ལ་བསམ་ཤེས་དགོས། དེ་མིན་ཉི་མ་གཅིག་ལ་མགྱོད་པ་སྐྱེ་རྒྱུ་རེད།

ཡིན་ན་ཡང་། ཚང་མ་བཀྲ་ཤིས་བདེ་ལེགས་རྐྱང་རྐྱང་མ་རེད། ས་ཆ་འདིར་བསླེབས་ཚར་དུས་འཚོ་བ་གཞི་ནས་མགོ་འཛུགས་དགོས། རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཞབས་ཞུ་ཚན་པ་བརྒྱུད་འཚོ་རྟན་མགོ་འཛུགས་ཀྱི་རོགས་དངུལ་ཞིག་གནང་གི་ཡོད། དེ་ནི་སྐྱོབ་གསོའི་རིགས་ཤིག་རེད། ཕ་ཡུལ་གྱི་བཤད་སྟངས་བྱས་ན། མུག་སྐྱོབ་དང་དབུལ་སྐྱོར་རེད།

དཀའ་སྡུག་ཁྲོད་ཀྱི་རེ་བ། 

འདིར་ཡོང་མཁན་མང་ཆེ་བ་བརྒྱད་ཅུ་གྱ་གྲངས་རྗེས་ནས་རྒྱ་གར་དུ་ཕེབས་མཁན་རེད། བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་གནས་ཚད་ལོངས་པ་མང་པོ་ཡོད། དགེ་འདུན་པའང་ཡོད། ཡིན་ན་ཡང་། མང་པོ་ཞིག་ལ་སྤྱི་ཚོགས་སློབ་གསོ་དང་སྐད་ཡིག་གཞན་པའི་ཤེས་ཚད་སྐྱོ་བོ་རེད། ཐོག་མར་འབྱོར་དུས་དབྱིན་ཇི་ཚིག་གཅིག་མི་ཤེས་མཁན་མང་པོ་ཡོད།

ལུང་པ་ཞིག་ལ་ས་ཟིན་དགོས་ན། སྤྱི་ཚོགས་ཤིག་གི་ཆ་ཤས་ལེན་དགོས་ན། གཞུང་གིས་སྤྲད་པའི་ཐོབ་ཐང་རག་དགོས་ན། ཁྲིམས་ལུགས་ཀྱིས་སྤྲད་པའི་འོས་འགན་སྒྲུབ་དགོས་ན། ས་གནས་དེའི་སྐད་ཡིག་མ་ཤེས་རང་ཤེས་རེད། སྐད་ཡིག་ཡག་པོ་མ་ཤེས་ན་མིག་མེད་པ་དང་ཆ་རེད། མི་གཞན་གྱི་སྔུན་ནས་ཉམས་དམའ་བོ་རེད། ལས་ཀ་ཡང་ལུས་ཤུགས་ངལ་རྩོལ་དང་གཡོག་ལས་ལས་མི་རག  སྤྱིར་བཏང་། ཨོ་གླིང་གི་བོད་པ་མང་ཆེ་བ་བསླེབས་ནས་ལོ་ཞེ་དྲགས་སོང་མེད།

དགའ་འོས་པ་ཞིག་ལ། འདིར་སླེབས་མཁན་རྣམ་པས་སོ་སོས་དཀའ་ངལ་ལ་གདོང་ལེན་བྱེད་ཞོར། བོད་སྤྱི་བའི་སྒྲིག་འཛུགས་ལ་འགན་འཁུར་གྱིན་འདུག རང་གི་བུ་ཕྲུག་གི་སློབ་གསོའི་ཕྱོགས་ལ་བསམ་བློ་ཡག་པོ་བཏང་འདུག དེ་རིང་འདིར་གཙོ་བོ་དེའི་ཕྱོགས་ནས་སྐད་ཆ་ཁ་ཤས་བཤད་རྒྱུ་ཡིན།

མདུན་དུ་ལྷག་པའི་གནད་དོན།

ཨོ་གླིང་དུ་གནས་སྤོས་བཞིས་ཆགས་གནང་མཁན་ཚོར་ལམ་ཁ་གསུམ་གདམ་ཡ་འདུག གཅིག་དེ་སོ་སོའི་མི་རིགས་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་ཡོང་ཆེད། སྤྱི་ཚོགས་ལས་ཟུར་དུ་བསྡོད་དགོས། དེ་ནི་ཡོང་ཐབས་མེད་པ་ཞིག་ཡིན།

གཉིས་པ་ས་ཆ་འདིའི་ཤེས་ཡོན་སློབ་གསོ་དང་རིག་གནས་དང་ལེན་བྱེད་པ་དང་མཉམ་དུ། སོ་སོའི་མི་རིགས་ཀྱི་ངོ་བོ་མ་བརླགས་པ་ཨེ་ཡོང་ལྟ་དགོས། གསུམ་པ་དེ་སྤྱི་ཚོགས་ཀྱི་ཆུ་བོའི་ནང་དུ་རྦད་དེ་བསྲེ་བསྲེ་བཏང་ནས་རང་གི་རིག་གཞུང་བློས་གཏོང་བྱེད་རྒྱུ་རེད།  ང་ཚོའི་རེ་བ་ནི་གདམ་ཀ་གཉིས་པ་དེ་ཡིན་པ་ཨ་ཅང་ཅང་།

ངས་ཀྱང་མི་རིགས་འདིའི་གཞོན་སྐྱེས་དག་གི་མ་འོངས་པའི་ཕྱོགས་ལ་བསམ་བློ་བཏང་མྱོང་། དགའ་དགོས་པ་དང་སྐྱོ་དགོས་པ་ཚང་མ་མཐོང་གི་འདུག  ས་ཆ་འདིར་མཚར་ལོངས་འབྱུང་བཞིན་པའི་གཞོན་སྐྱེས་ཚོ་དང་། ཐ་ན་ང་ཚོ་སྤོར་ཏོ་ཆགས་གྲབ་ཡོད་པ་ཚོ་ལ་ཡང་ཁོར་ཡུག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་འདུག འགྱུར་བ་མང་པོ་འགྲོ་གིན་འདུག འགྱུར་བ་དེ་ཡང་ཧ་ཅང་མགྱོགས་པོ་རེད། སྐད་ཆ་བཤད་སྟངས། བསམ་བློ་གཏོང་སྟངས། ལས་ཀ་ལས་སྟངས་ཚང་མ་ལ་འགྱུར་བ་འགྲོ་བཞིན་འདུག བོད་པའི་ཕྲུ་གུ་ཚོ་ཡང་གང་མགྱོགས་ས་ཆ་འདིའི་གོམས་གཤིས་དང་བསམ་བློ་ཁུར་མཁན་ཆགས་ཀྱི་རེད། སྐབས་དེར་ཁོང་ཚོ་དང་ང་ཚོའི་བར་ལ་བར་ཐག་རིང་པོ་ཞིག་ཡོང་རྒྱུ་གཏན་ཁེལ་རེད། ཁོང་ཚོ་དང་ཕ་ཡུལ་གྱི་བསམ་བློ་ཁུར་སྟངས་སོགས་ཀྱི་བར་ཐག་དེ་ལས་ཀྱང་རིང་བ་ཆགས་ཀྱི་རེད།

ཨོ་གླིང་གི་མི་རིགས་སྐད་ཡིག་སྲིད་ཇུས། 

ཨོ་སི་ཐྲི་ལི་ཡ་ཟེར་བ་དེ་མི་རིགས་མང་པོས་གྲུབ་པའི་རྒྱལ་ཁབ་ཅིག་རེད། དབྱིན་ཇིའི་ལུང་པ་ནས་སླེབས་པ་དང་། རྒྱ་གར། རྒྱ་ནག ལྷོ་ཨེ་ཤ་ཡ། དཀྱིལ་ཤར་ཨེ་ཤ་ཡ། མི་རིགས་ནག་པོ་ཚང་མ་ཡོད། གཞུང་གི་ངོས་ནས་རིག་གཞུང་སྣ་མང་གི་སྲིད་ཇུས་ལག་ལེན་དུ་བསྟར་གྱི་ཡོད།

རིག་གཞུང་སྣ་མང་གི་སྲིད་ཇུས་ཟེར་ན། རྒྱལ་ཁོངས་ཀྱི་མི་ཚང་མས་སོ་སོའི་རིག་གཞུང་ལ་བདག་པོ་རྒྱག་ཆོག་པ་དང་། གཅིག་གི་གཅིག་ལ་རྩི་བཀུར་དགོས་པ། གཞུང་གི་ངོས་ནས་མི་འབོར་ལ་གཞིག་པའི་རྒྱབ་སྐྱོར་རོགས་རམ་བྱེད་པ་སོགས་ལ་གོ་བ་ལེན་དགོས། མངའ་སྡེ་གཞུང་གི་ངོས་ནས་ཀྱང་སྐད་ཡིག་སྣ་མང་གི་སྲིད་ཇུས་ལག་ལེན་བྱེད་ཀྱི་ཡོད། རྒྱལ་ཁབ་འདིའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སྲིད་ཇུས་ཨ་རི་དང་ཁ་ན་ཏ་སོགས་ལས་ཀྱང་ཡག་པ་ཡོད་རེད་ཅེས་ས་ཆ་འདིའི་བོད་མི་རྒན་པ་དང་། རིག་གནས་སྐྱེད་ཚལ་ཁང་གི་རྐང་འཛིན་མི་སྣ་ར་ལོ་དོན་ལྡན་ལགས་ཀྱིས་བརྗོད་བྱུང་། ཁོང་ནི་ད་ཆ་རིག་གནས་སྐྱེད་ཚལ་ཁང་གི་དགེ་ཆེ་རེད། ད་དུང་ཁོང་གིས། ནེའུ་སོའ ོ་ལྦེའི་མངའ་སྡེའི་ནང་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭར་དེབ་སྐྱེལ་ཟིན་པ་སྐད་ཡིག་ ༥༢ ཡོད་པའི་ནང་བོད་ཡིག་ཚུད་ཡོད་པ་དང་། དེ་འཛིན་སྐྱོང་བྱེད་མཁན་ཚོགས་པ་ ༢༥༠ ཡོད་པའི་ཁོངས་སུའང་རིག་སྐྱེད་ཚལ་ཁང་ཞུགས་ཐུབ་ཡོད་ཅེས་བརྗོད་བྱུང་།

ཨོ་གླིང་དུ་གནས་སྤོས་པའི་མི་རིགས་སུ་འདྲ་ཞིག་ཡིན་ཡང་། གཞུང་གི་ལས་ཁུངས་སུ་འགྲོ་སྐབས་དབྱིན་ཇི་མི་ཤེས་མཁན་ལ་གཞུང་ངོས་ནས་སྐད་སྒྱུར་གོ་སྒྲིག་བྱེད་ཀྱི་འདུག དེ་བཞིན། མི་རིགས་སོ་སོས་རང་གི་ཕྲུ་གུའི་ཆེད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་སློབ་པའི་ལས་དོན་བྱས་ན། སྲིད་གཞུང་གི་ངོས་ནས་ཁྲིམས་ཀྱི་རྒྱབ་གཉེར་དང་། ཐོན་ཁུངས་ཀྱི་རོགས་རམ་གནང་གི་འདུག འོན་ཀྱང་རྒྱབ་སྐྱོར་ཆེ་ཆུང་ག་འདྲ་ཞིག་ཐོབ་མིན་ནི་ཡར་ཞུ་བྱེད་མཁན་གྱི་ཚོགས་སྡེ་དེའི་དངོས་ཡོད་མི་འབོར་ལ་རག་ལས།

ཟབ་སྦྱོང་དང་གོ་རྟོགས་ཀྱི་གོམ་སྟབས། 

དཔེར་ན།  སྤྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༨ཉིན། སིད་ནི་གཙུག་ལག་སློབ་གྲྭ་ཆེན་མོར་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་སྤྱི་ལོ་ ༢༠༡༦ ལོའི་ལོ་འཁོར་ཚོགས་ཆེན་འཚོགས་པ་རེད། དེ་ནི་མངའ་སྡེ་རང་བཞིན་གྱི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། ནེའུ་སོའུ་ཐི་ཝེའེ(ΝΣΩ) མངའ་སྡེའི་མི་རིགས་གནའ་མཐུན་མཉམ་སྦྲེལ་བདེ་དོན་ཚོགས་པས་གོ་སྒྲིག་གནང་བ་རེད། ཚོགས་འདུ་དེར་རིག་གནས་སྐྱེད་ཚལ་ཁང་གི་སློབ་སྤྱི་བློ་བཟང་དོན་ལྡན། དགེ་ཆེ་ར་ལོ་དོན་ལྡན། དགེ་རྒན་བསྟན་འཛིན་མཚོ་བྱུང། རྨེའུ་དཀོན་རྒྱམ། བསོད་ནམས་ཚེ་རིང་བཅས་དང་། སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཆུང་ཚེ་རིང་། མཐུན་ཚོགས་ཀྱི་རྒྱུན་ལས་ལྷག་པ་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་ཡོད།

ཚོགས་འདུ་འདིར་ཁྱོན་ཚོགས་བཅར་མི་གྲངས་ ༥༦༥ ཙམ་ཕེབས་ཡོད་པ་དང་། ཚོགས་འདུ་དེའི་ཐོག་ནས་སློབ་གྲའི་རོགས་དངུལ་ཞུ་ཕྱོགས་དང་། གཞུང་གི་སྲིད་བྱུས་འགྲོ་ལུགས། སློབ་ཁྲིད་ཀྱི་ཐབས་ལམ་སོགས་ཀྱི་ཐད་སྡེ་ཚན་ཁག་བགོས་ཀྱིས་ཟབ་སྦྱོང་ལམ་སྟོན་གནང་འདུག དེ་ནི་རྒྱལ་ཁབ་ཀྱི་ཤེས་ཡོན་སྲིད་ཇུས་དང་འབྲེལ་བའི་ལས་གཞི་ཞིག་རེད། ལས་གཞི་འདི་རིགས་ལ་མཉམ་ཞུགས་ཐུབ་པ་ཙམ་ཡང་གལ་འགང་ཆེ་བའི་གོམ་སྟབས་ཤིག་རེད།

ད་དུང་ཚོགས་ཆེན་གྱི་མཚོན་རྟགས་སུ་གྱུར་པའི་རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་ཚོགས་མིའི་སྐད་ཡིག་ལྔ་བཅུ་ང་གཉིས་ཀྱི་ཁོངས་སུ་བོད་ཡིག་ཞེས་པའི་མིང་དེ་དངོས་སུ་འཁོད་ཡོད། དེ་ང་ལ་དོ་སྣང་བྱུང་། དེ་ནི་ང་ཚོར་མཚོན་ན་དོན་སྙིང་གལ་ཆེན་ལྡན།

རེ་བའི་མེ་སོན་མཐོང་བ། 

དགའ་དགོས་པ་ཞིག་ནི། ས་ཆ་འདིའི་བོད་རིགས་མཐུན་ཚོགས་དང་། ཕ་མའི་མཐུན་ཚོགས། རིག་གནས་སྐྱེད་ཚལ་ཁང་། རང་འདུན་གྱི་དགེ་རྒན་དང་ལས་མི་ཚང་མས་ང་ཚོར་སེམས་ཤུགས་སྤོར་གྱི་འདུག  དེའི་ཕྱིར་ངས་ཉེ་ཆར་འཕྲིན་ཕྲན་རྒྱབ་ལོགས་སུ།

ཕྲུ་གུ་འདི་དག་མུ་མཐུད་བོད་པ་ཡག་པོ་ཞིག་གི་ངོ་བོར་གནས་རྒྱུའི་ཆོད་སེམས་དང་རེ་བ་མཐོང་བས་སེམས་པ་ཧ་ཅང་སྤྲོ། ཞེས་བྲིས་ཡོད། དེ་ནི་རིག་གནས་སྐྱེད་ཚལ་ཁང་གི་དགེ་རྒན་དུས་ཆེན་ཉིན་ཕྲུ་གུའི་རིག་གཞུང་འཁྲབ་སྟོན་གྱི་ལས་འགུལ་མཐོང་རྗེས་ཀྱི་སེམས་ཚོར་ཡིན།

ང་འདིར་འབྱོར་རྗེས་ཀྱི་ཟླ་བ་གསུམ་ཙམ་གྱི་རྗེས་སུ་བོད་པའི་གཉེན་སྟོན་ཞིག་ལ་མཉམ་ཞུགས་བྱས་ཤིང་། སྐབས་དེར་ཡང་ངས་ཚིག་བཅད་ཅིག་བྲིས་པ་ཡིན།

ཚིགས་བཅད་དེ་འདིར་དྲངས་ན།

རླུང་གིས་བདས་པའི་ཤིང་ལོ་བཞིན་དུ་མ་ངེས་ཡུལ་དུ་གྲམ་ན་ཡང་།

བརྩེ་དང་འདུན་པའི་སྐུད་པ་གཅིག་གིས་ཕན་ཚུན་སྦྲེལ་ཞིང་མཐུན་པར་གནས། །

མེས་ཀྱི་ཆོས་དང་རིག་གཞུང་བཟང་པོ་གང་དུ་སོང་ཡང་ཞྭ་བཞིན་བཀུར། །

རུས་པ་དཀར་པོ་གསེར་དང་མཚུངས་འདི་ཕྱི་རབས་བོད་ཀྱི་རེ་བ་ཡིན། །

ཞེས་པ་འདི་རེད།

ཡར་འགྲོ་མར་འགྲོའི་ས་མཚམས།

ས་ཆ་འདིའི་བོད་པ་དག་གི་མ་འོངས་པ་ནི་གཞོན་སྐྱེས་ཚོ་ཡིན། ཁོང་ཚོ་ད་ལྟ་རང་གི་ཆོས་དང་རིག་གཞུང་གི་ཁོར་ཡུག་དང་ཁ་བྲལ་ནས་ཡོད། ཆུ་དང་བྲལ་བའི་ཉ་མོ་བཞིན་ཉེན་ཁའི་ནང་ཡོད། ཡར་འགྲོ་མ་འགྲོའི་ས་མཚམས་སུ་བསླེབས་ཡོད། ཁོང་ཚོ་ལ་རང་གི་སྐད་ཡིག་དང་རིག་གཞུང་གི་སློབ་ཁྲིད་བྱེད་པ་ནི་ཁ་ཚ་དགོས་གཏུགས་རེད། རིག་གནས་སྐྱེད་ཚལ་ཁང་ནི་ས་ཆ་འདིར་མཚོན་ན་དུས་སུ་བབས་པའི་ཆར་རང་རེད། ས་ཆ་འདིར་བོད་པ་ཚོ་ལ་འདུ་འཛོམས་བྱ་ཡུལ་གྱི་ཚོགས་ཁང་ཞིག་ཀྱང་མེད། སློབ་ཁྲིད་འཚོགས་ས། མཛད་སྒོ་སྤེལ་ས། ཚོགས་འདུ་འཚོགས་ས་ཚང་མ་གཡས་གཡོན་གྱི་ཡུལ་མི་དག་གི་ཚོགས་ཁང་། སློབ་གྲྭ ཡེ་ཤུའི་ཆོས་ཁང་སོགས་ལ་རེ་བ་རྒྱག་དགོས་ཀྱི་ཡོད།

ཕྱི་རྒྱལ་གྱི་མི་ཟེར་བ་དེ་གུ་དོགས་པོ་དང་། ལས་ཀ་ཆུང་ཚགས་ལ་དོ་སྣང་ཚ་བོ་རེད། འདིའི་ཐད་ང་ཚོ་དང་རིག་གཞུང་གི་ཧེ་བག་ཞེ་དྲགས་ཆེན་པོ་རེད། ཁོང་ཚོར་བསྟུན་ནས་ལས་ཀ་བྱེད་རྒྱུ་དེ་དཀའ་ཚེགས་ཅན་ཞིག་རེད། གལ་ཏེ་ཚོགས་ཁང་གི་ཅ་ལག་སོགས་ལ་ཆག་སྐྱོན་ཆུང་ཆུང་ཞིག་བཟོས་ན་ཡང་། དེ་ནས་བཟུང་ཚོགས་ཁང་དེ་གཏན་ནས་མི་གཡར་རྒྱུའི་ཉེན་ཁ་ཡོད། ལས་བྱེད་ཚང་མས་ནམ་རྒྱུན་ཕར་ཕྱོགས་ཀྱི་ཁ་རྡུང་དང་གཤེ་གཤེ་ལ་གདོང་ལེན་བྱེད་དགོས།

ད་དུང་ཕྲུ་གུའི་བདེ་འཇགས་ནི་ས་ཆ་འདིས་ཧ་ཅང་མཐོང་ཆེན་བྱ་ཡུལ་ཞིག་ཡིན། ཁྲིམས་ཀྱི་ཐོག་ནས་ཀྱང་མནོན་ཤུགས་ཆེན་པོ་ཡོད། ཕྲུ་གུའི་རང་དབང་དང་བདེ་འཇགས་ལ་འགན་ཁུར་དགོས། སློབ་སྦྱོང་ཡང་སྤྲོད་དགོས། ཆག་སྒོ་འདྲ་འཕྲད་ན་ནི་དགེ་རྒན་དང་ལས་བྱེད་ཚོ་ཁྲིམས་ལ་ཐུག་སྲིད། ཕྲུ་གུ་ཚོ་ཁ་ལ་མ་ཉན་ན་ཡང་དགེ་རྒན་གྱིས་ཕྲུ་གུའི་ངོ་འཚོ་དགོས། དེ་འདྲའི་ཁོར་ཡུག་ཅིག་ནས་དང་བླངས་རང་གི་ཐོག་ནས་ལས་ཀ་བྱེད་པ་ལ་སེམས་ཤུགས་ཆེན་པོ་དང་། ངང་རྒྱུད་རིང་པོ་དགོས།

རིག་གནས་སྐྱེད་ཚལ་ཁང་དུ་ཕྱིན་པ། 

ང་ཐེངས་གཉིས་ཙམ་ལ་རིག་གནས་སྐྱེད་ཚལ་ཁང་གི་འཛིན་གྲྭ་ཚོགས་ཡུལ་དུ་འགྲོ་མྱོང་། ཐེངས་དང་པོ། མངའ་སྡེའི་ཤེས་ཡོན་སློབ་གསོའི་ལས་དོན་འགན་འཛིན་ཕེབས་སྐབས་རེད། ཁོང་བོད་པའི་འཛིན་གྲྭར་གཟིགས་ཞིབ་ལ་ཕེབས་པ་རེད། ངས་ཀྱང་དགེ་ལས་རྣམ་པ་དང་མཉམ་དུ་འཛིན་གྲྭའི་གནས་སྟངས་ལ་རྒྱུས་ལོན་བྱས་པ་ཡིན། ལས་བྱེད་ཚོས་ཀྱང་འཛིན་གྲྭའི་གནས་སྟངས་ངོ་སྤྲོད་གནང་བྱུང་།

ཐེངས་གཉིས་པ་སྤྱི་ཟླ་༩པའི་ཚེས་༡༠ཉིན་རེད། སློབ་གྲྭའི་གདན་ཞུའི་དགེ་རྒན་གྱི་མིང་ཐོག་ནས་ཕྱིན་པ་རེད། སྔོན་འགྲོའི་འཛིན་གྲྭ་ཕུད་པའི་འཛིན་གྲྭ་གོང་འོག་གི་ཕྲུ་གུ་རྣམས་སྡེ་ཚན་གསུམ་ལ་བགོས་ནས་སྒྲུང་བཤད། སྒྲུང་གི་ནང་དོན་ནི་བུ་བཀྲ་ཤིས་ལྷ་ཡུལ་དུ་ཕྱིན་པ་ཞེས་པའི་ཁ་བྱང་ཅན་གྱི་བྱིས་སྒྲུང་ཞིག་རེད། སྒྲུང་དེ་ངས་བྲིས་པ་ཡིན།

དགེ་རྒན་དུས་ཆེན། 

ཉེ་ཆར་སྦྲིའི་ཝའེ་ཉེ་འགྲམ་ལ་བོད་རིགས་མཐུན་ཚོགས་དང་རིག་གནས་སྐྱེད་ཚལ་ཁང་མཉམ་འབྲེལ་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཤེས་ཡོན་སློབ་གསོ་ཚན་རིག་ལྷན་ཁང་གིས་གཏན་འབེབས་གནང་བའི་དགེ་རྒན་དུས་ཆེན་སྲུང་རྩི་གནང་སོང་། དུས་ཆེན་དེ་རྒྱལ་ཁབ་བརྒྱའི་ནང་སྲུང་རྩི་བྱེད་བཞིན་པའི་རྒྱལ་སྤྱིའི་དུས་ཆེན་ཞིག་རེད། འོན་ཀྱང་། ཨོ་གླིང་དུ་བོད་པ་རང་ངོས་ནས་དགེ་རྒན་དུས་ཆེན་སྲུང་རྩི་ཞུས་པ་ཐོག་མ་རེད་ཟེར། ཉིན་དེར་ཕ་མའི་མཐུན་ཚོགས་ཀྱི་ཚོགས་གཙོ་གྲགས་པ་ལགས་དང་། རིག་གནས་སྐྱེད་ཚལ་ཁང་གི་དགེ་ཆེ་རྭ་ལོ་དོན་ལྡན་ལགས་གཉིས་ཀྱིས་སློབ་གྲྭ་དང་འབྲེལ་བའི་གཏམ་བཤད་བྱས་སོང་། རིག་གནས་སྐྱེད་ཚལ་ཁང་ནི་སློབ་གྲྭའི་མིང་རེད། ཕ་མའི་མཐུན་ཚོགས་ལབ་དུས་ཕྲུ་གུའི་ཕ་མ་དག་མཉམ་འབྲེལ་གྱི་ཚོགས་པ་རེད། དེ་གཉིས་ཀྱི་ལས་དོན་དང་དམིགས་ཡུལ་གཅིག་པ་རེད། ཚང་མ་བོད་རིག་མཐུན་ཚོགས་ཀྱི་ཡན་ལག་ཚོགས་པ་ཆགས་ཡོད།

དེ་རིང་གི་རིག་གནས་སྐྱེད་ཚལ་ཁང་། 

ད་ལྟའི་རིག་གནས་སྐྱེད་ཚལ་ཁང་འདི། སྤྱི་ལོ་༡༩༩༧ གྱི་ལོ་མཇུག་ལ་སྐབས་དེའི་བོད་རིག་མཐུན་ཚོགས་ཀྱི་གོ་སྒྲིག་འོག སློབ་མ་ལྔ་ལས་གྲུབ་པའི་ཁྱིམ་ཚང་སློབ་གྲྭ་ཞིག་ནས་མགོ་བཙུགས་སྐད། སྤྱི་ལོ་༢༠༠༢ལོར་སློབ་ཕྲུག་མང་དུ་ཕྱིན་པ་དང་ཚོགས་ཁང་གཡར་པོ་བྱས་ནས་འཚོགས། སྤྱི་ལོ་༢༠༡༣ལོར་ནེའུ་སོའོ་རྡ་ལྦེའི་མངའ་སྡེའི་ཤེས་རིག་ལས་ཁུངས་སུ་དེབ་སྐྱེལ་བྱས། སྤྱི་ལོ་༢༠༡༥ལོར་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་གནའ་འབྲེལ་བདེ་དོན་ཚོགས་པའི་ཚོགས་མིར་དེབ་བསྐྱེལ་གནང་། སིད་ནིའི་གཙུག་ལག་སློབ་ཆེན་དུ་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་དགེ་རྒན་ཟབ་སྦྱོང་ནང་སྔ་ཕྱིར་དགེ་རྒན་བཅུ་གཅིག་ཙམ་ཟབ་སྦྱོང་ལ་ཞུགས། ཡིག་རྒྱུགས་ལམ་ལུགས་དང་། དྲི་རྩལ་འགྲན་ཚོགས་ལམ་ལུགས་སོགས་ཀྱི་སྒྲོམ་གཞི་གཏན་འབེབས་དང་ལག་ལེན་གནང་བཞིན་ཡོད། ད་དུང་སློབ་གྲྭ་རང་གིས་གོ་སྒྲིག་བྱས་པའི་དགེ་རྒན་འོས་སྦྱོང་ཡང་ཡོད།

ད་ལྟ་འཛིན་གྲྭ་གོང་འོག་བདུན་དང་། སྔོན་འགྲོའི་འཛིན་གྲྭ་གཅིག དགེ་རྒན་དང་ལས་བྱེད་ཉི་ཤུ་རྩ་ལྔ། སློབ་མ་བརྒྱ་བཅས་ཡོད། འཛིན་གྲྭ་གཅིག་ལ་དགེ་རྒན་གཉིས་ཀྱི་ལམ་ལུགས་ལག་ལེན་བསྟར་མུས་རེད། དགེ་རྒན་རྣམ་པས་གཟའ་སྤེན་པ་འཆར་ཅན་གྱི་ཞོགས་པ་ཆུ་ཚོད་དགུ་པ་ནས་བཅུ་གཉིས་ཕྱེད་བར་འཛིན་གྲྭར་སློབ་ཁྲིད་དང་། དེ་ནས་ཞབས་བྲོ་སོགས་སྲོལ་རྒྱུན་རིག་གནས་སློབ་ཁྲིད་བྱེད།

ལོ་འཁོར་ཡིག་རྒྱུགས། དྲི་རྩལ་འགྲན་ཚོགས། སློབ་གསེང་སྤྲོ་འཆམ། གདན་ཞུའི་དགེ་རྒན་གྱི་འཆད་ཁྲིད་སོགས་ལས་འགུལ་གཞན་ཡང་ཡོད།

དུས་ཚོད་ཀྱི་བློས་གཏོང་ནི་གསེར་གྱི་བློས་གཏོང་ཡིན་པ། 

ད་དུང་། སློབ་གྲྭའི་དགེ་ལས་རྣམ་པ་ནི་རྒྱ་གར་དུ་སཱ་ར་དང་བོད་ཁྱིམ་སོགས་ཀྱི་སློབ་གྲྭ་དང་སྒྲིག་འཛུགས་སུ། ལོ་མང་པོར་ཕྱག་ལས་དང་དགེ་རྒན་གནང་བའི་ཉམས་མྱོང་ཡོད་མཁན་རེད། མ་འོངས་པར་ས་ཆ་འདིའི་བོད་པའི་མི་རབས་གསར་པའི་ནང་དུ་བོད་ཀྱི་སྐད་ཡིག་རིག་གཞུང་གི་དགེ་རྒན་ཐད་འདི་འདྲའི་ཆ་རྐྱེན་ཡག་པོ་ཕལ་ཆེར་དཀའ་མོ་རེད། གལ་ཆེ་ཤོས་ཁོང་རྣམ་པར་ཤེས་ཡོན་དང་ཉམས་མྱོང་ཡོད་པ་ཙམ་མ་རེད། གལ་ཆེ་ཤོས་དེ་ཁོང་རྣམ་པའི་ལྷག་བསམ་དང་བློས་གཏོང་རེད། དུས་ཚོད་བློས་བཏོང་བ་ནི་གསེར་བློས་གཏོང་བ་དང་ཆ་རེད། འབྲེལ་ཡོད་སྡོམ་རྩིས་ལྟར་ན། དགེ་རྒན་གཅིག་གི་ལོ་གཅིག་གི་སློབ་ཚན་ཁྲིད་ཡུན་ཆུ་ཚོད་༡༥༦ཡིན་པ་དང་། དགེ་རྒན་བཅུ་བདུན་གྱི་ཆ་སྙོམས་ཆུ་ཚོད་༢༦༥༢ཟིན། དེའི་ནང་དུ་དགེ་རྒན་རྣམ་པའི་སློབ་ཚན་གོ་སྒྲིག་གི་དུས་ཚོད་ཚུད་མེད། ཆུ་ཚོད་རེ་རེའི་གླ་ཕོགས་ཨོ་སྒོར་༢༥ ཡིས་རྩིས་བྱས་ན་ལོ་གཅིག་གི་དགེ་རྒན་གྱི་གླ་ཕོགས་ཨོ་སྒོར་དྲུག་ཁྲི་དྲུག་སྟོང་སུམ་བརྒྱ་སྟེ། དེ་རྒྱ་གར་གྱི་སྒོར་མོར་ཕབ་ན། རྒྱ་གར་སྒོར་མོ་ས་ཡ་གསུམ་དང་འབུམ་ཐེར་གསུམ་ལྷག་རེད། འོན་ཀྱང་ཁོང་ཚོར་གླ་ཕོག་སྒོར་མོ་གཅིག་ཀྱང་མེད། ཐ་ན་འགྲིམ་འགྲུལ་གྱི་གླ་དོད་ཀྱང་མེད། ཕྱི་རྒྱལ་ན་ཡོད་པ་ཚང་མ་སྒོར་མོའི་ཆེད་དུ་སྨྱོ་བཞིན་ཡོད་པར་བསམ་མི་རུང་། ཁོང་ཚོ་ལུས་ཕྱི་རྒྱལ་ན་ཡོད་ཀྱང་། སེམས་བོད་ཀྱི་རིག་གཞུང་གི་ནང་དུ་བསྟིམས་ཡོད། ལས་བྱེད་གཞན་པ་ཚོས་ཀྱང་དཀའ་ལས་གཅིག་པ་རྒྱག་གི་ཡོད། དང་བླངས་ལས་བྱེད་ཚོ་ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ནས་སློབ་ཕྲུག་དབོར་འདྲེན་དང་། ཕྲུ་གུར་གཟིགས་རྟོག་གནང་མཁན་གོ་སྒྲིག་སོགས་ཀྱི་ལས་ཀ་མགོ་འཛུགས་ཀྱི་ཡོད། དེའི་ནང་ནས་ཕྲུ་གུ་བསུ་སྐྱེལ་བྱེད་མཁན་སློབ་འཁོར་ཁ་ལོ་བ་ཞིག་ཡོད། ཁོང་གི་མཚན་ལ་སྐུ་ཞོགས་ཕུན་ཚོགས་མགོན་པོ་ཟེར། ཁོང་གིས་གཟའ་སྤེན་པ་འཆར་ཅན་ལ་ཕྲུ་གུ་བསུ་སྐྱེལ་གྱི་ཁ་ལོ་བ་གནང་གི་ཡོད། ཁོང་གིས་ལས་དོན་འདིའི་ཆེད་དམིགས་བསལ་ཕྲུ་གུ་བསུ་སྐྱེལ་ཆོག་པའི་ཁ་ལོ་ཆོག་འཛིན་གྱི་ཡིག་ཚད་བཏང་ཡོད།

ཆ་རྐྱེན་གསུམ་དང་ཡིན་པ་གསུམ། 

དགེ་ལས་རྣམ་པས། ང་ཚོ་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་འདུན་ལམ་ཡོད་པ་དང་གཅིག ང་ཚོའི་སྤྱི་ཚོགས་ལ་བོད་སྐད་ཀྱི་རྨང་གཞི་ཡག་པོ་ཡོད་པ་དང་གཉིས། བོད་ཡིག་ཆེད་ལས་པ་མང་བ་དང་གསུམ། ཨོ་གླིང་གི་ཤེས་ཡོན་སྲིད་ཇུས་ཡག་པོ་ཡིན་པ་དང་བཞི་རྒྱུ་མཚན་དུ་བྱས་ནས་མ་འོངས་པའི་སློབ་ཕྲུག་ཚོ་ཡག་པོ་ཆགས་རྒྱུའི་རེ་བ་གནང་གིན་འདུག ད་དུང་། ཕྲུ་གུ་དག་གིས་བོད་ཀྱི་སྐད་ཡིག་ཡག་པོ་ཞིག་མ་ཤེས་ཐབས་མེད་ཡིན་པ་དང་གཅིག

བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་འཛིན་གྱི་ལས་ཀ་ང་ཚོའི་འགན་འཁྲི་ཡིན་པ་དང་གཉིས།

བོད་ཀྱི་རྩ་དོན་གྱི་རྨང་གཞི་བོད་ཀྱི་སྐད་ཡིག་གནས་མི་གནས་ལ་ཐུག་ཡོད་པས་རྩ་དོན་གྱི་ཆེད་དུ་བོད་ཡིག་གལ་ཆེན་ཡིན་པ་སྟེ། རྒྱུ་མཚན་གསུམ་གྱི་ཐོག་ནས་དགེ་ལས་རྣམ་པས་དཀའ་ལས་སྐྱོན་གནང་གི་ཡོད་ཟེར།

གལ་ཆེན་གྱི་ལས་གཞི། 

ཁོང་ཚོས་ལས་དོན་གལ་ཆེན་གཞན་ཞིག་བརྩམས་འདུག དེ་ཡང་། སྤྱི་ལོ་༢༠༡༤ཟླ་༡༢ནང་སིད་ནི་ལ་གནས་ཡུལ་རྒྱལ་ཁབ་དང་། རང་གཞུང་གི་ཤེས་ཡོན་སྲིད་ཅུས། སློབ་ཕྲུག་གི་སེམས་ཁམས། དེང་དུས་སློབ་ཁྲིད་ཐབས་ལམ་བཅས་ཟུང་འབྲེལ་ཐོག་སློབ་དེབ་འཆར་འགོད་ཀྱི་ཚོགས་འདུ་ཐོག་མ་དེ་བསྡུས། ཚོགས་འདུ་དེར་བོད་ཀྱི་རིག་གནས་ལ་མཁྱེན་དཔྱོད་དང་ཉམས་མྱོང་ཆེ་བའི་ཤེས་ཡོན་པ་སུམ་ཅུ་ལྷག་འཛོམས། ཚོགས་འདུས་མང་མོས་འོས་འདེམས་བརྒྱུད་ལོ་ཙཱ་བ་ཆུང་ཚེ་རིང་སོགས་མི་སྣ་བདུན་ལས་གྲུབ་པའི་སློབ་དེབ་ཚོགས་ཆུང་དངོས་སུ་བཙུགས། ཚོགས་ཆུང་དེའི་མིང་ལ། སིད་ནི་རིག་གནས་སྐྱེད་ཚལ་ཁང་གི་བསླབ་གཞི་འཆར་འགོད་དང་བསླབ་དེབ་རྩོམ་སྒྲིག་ཚོགས་ཆུང་ཞེས་བཏགས། ཁོང་རྣམ་པས་ད་ལྟ་མུ་མཐུད་དུས་ཚོད་གང་ཡོད་ལ་སློབ་དེབ་རྩོམ་སྒྲིག་གི་ལས་དོན་གནང་བཞིན་པ་དང་། རང་གཞུང་ཤེས་རིག་ལས་ཁུངས་ལ་ཡང་འབྲེལ་ལམ་དང་ལམ་སྟོན་ཞུ་མུས་རེད།

ནམ་རྒྱུན་ཁུ་སུམ་པོས་ལས་ཀ་བྱེད་མཁན་ཚོ་འཕྲིན་ཕྲན་ཚོགས་པའི་ནང་ལ་རྩོད་པ་རྒྱག་རྒྱུར་སྤྲོ་སྣང་ཡོད་པ་མ་རེད། དྲ་ཚོགས་ནང་འུར་རྒྱག་མཁན་ཚོ་ལས་ཀ་བྱེད་མཁན་མ་རེད། དེས་ན་ང་ཚོས་དྲ་ཐོག་ནས་འཁྲུག་ཆ་དོད་པའི་འཐེན་འཁྱེར་དང་ཁ་རྩོད་དེ་ཚོ་རྟག་པ་མཐོང་གི་ཡོད། རྒྱུ་མཚན་དེས་མང་པོ་ཞིག་གིས་སྤྱི་ཚོགས་འདི་རྙོགས་དྲས་གང་བསྡད་པ་ཞིག་ཏུ་བསམས་ནས་འཁང་ར་བྱེད་ཀྱི་ཡོད། འོན་ཀྱང་། ངོས་གཞན་ཞིག་ན། ཁ་ཁུ་སུམ་པོས་ལས་ཀ་བྱེད་མཁན་དང་། སྤྱི་ཚོགས་འདིའི་ཆེད་དུ་བསམ་པ་རྣམ་དག་བྱེད་མཁན་དེ་ལས་མང་བ་ཡོད། དེ་ཚོ་ང་ཚོས་ཤེས་དགོས། ང་ཚོས་ཁོང་ཚོར་བལྟས་ནས་རེ་བ་དང་ཡིད་ཆེས་གོང་དུ་སྤེལ་དགོས། ཁོང་ཚོས་ང་ཚོར་དོན་གྱི་ཐོག་ནས་རེ་བའི་མེ་སོན་སྦྱིན་གྱི་ཡོད།

དགེ་མཚན་ལྡན་པའི་ནུས་པ། 

ཁོང་རྣམ་པའི་ཕྱག་ལས་འདིས་ནུས་པ་ཆེན་པོ་ཐོན་རྒྱུ་རེད། ཁོང་རྣམ་པས་ང་ལ་ངེས་ཤེས་དང་རེ་བ་སྤྲད་བྱུང་། ངས་ཉེ་ཆར་ས་ཆ་འདི་རང་ནས་འཚར་ལོངས་བྱུང་བ། ད་ལྟ་མཐོ་སློབ་འགྲིམ་བཞིན་པ་རེ་ཟུང་ལ་ཁ་བརྡ་བྱས་པ་ཡིན། ཁོང་ཚོས་བོད་ཡིག་ཀློག་ཤེས་པ་དང་། ཁྱད་པར་བོད་སྐད་ནི་བོད་ནང་དུ་སྐྱེས་པའི་བོད་པའི་ཕྲུ་གུ་ཞིག་དང་སྤྱིར་བཏང་གི་ཆ་ནས་ཁྱད་པར་མེད་པ་ལྟ་བུ་སྐྱོན་གྱི་འདུག ཁོང་ཚོའི་འཚར་ལོངས་ཀྱི་ཁྲོད་དུའང་འཛིན་གྲྭ་འདིས་དགེ་མཚན་ལྡན་པའི་ནུས་པ་གང་མང་ཞིག་བཏོན་ཡོད་པ་ངས་མཐོང་བྱུང་། མ་མཐའ་ཡང་ཁོང་ཚོའི་བོད་སྐད་དེ་ཁྲིན་ཏུ་དང་ཟི་ལིང་སོགས་ནས་ཚར་བའི་བོད་ཀྱི་ལས་བྱེད་པ་སོགས་ཀྱི་ཕྲུ་གུ་མང་པོ་ཞིག་ལས་ཡག་པ་ཡོད་པ་དངོས་འབྲེལ་རེད།

མི་གྲངས་མང་ན་ཐོབ་ཐང་མང་།

ཉེ་ཆར་ང་ཨོ་གླིང་གི་ས་ཆ་གཞན་འགའ་ཞིག་ལ་ཕྱིན་པ་ཡིན། ཁོང་ཚོས་སིད་ནི་ཡི་ཁང་གླ་ས་ཁུལ་གཞན་ལས་ཆེ་ན་ཡང་། དེར་བོད་པ་མང་པོ་མཉམ་དུ་འདུས་སྡོད་བྱས་ཡོད་པ་དང་། བོད་ཡིག་སློབ་གྲྭ་ཚགས་ཚུད་ཡོད་པ། བོད་རིགས་མཐུན་ཚོགས་གཅིག་གི་ཁོངས་སུ་སློབ་གྲྭ་གཅིག་གྱུར་ཡོད་པ་བཅས་ལ་ཡིད་སྨོན་བྱེད་བྱེད་ཀྱི་འདུག ཕ་མ་མང་པོ་ཞིག་འདིར་ཡོང་བའི་དམིགས་ཡུལ་ཕྲུ་གུའི་འདུན་ལམ་གྱི་ཆེད་ཡིན་པ་གསལ་པོ་རེད། ཚང་མས་དེ་ལྟར་ལབ་ཀྱི་ཡང་ཡོད་པ་རེད། ཕྲུ་གུ་ལ་དེང་རབས་ཀྱི་སློབ་གསོ་རག་པ་ཙམ་གྱིས་དམིགས་ཡུལ་དེ་འགྲུབ་ཟིན་པ་ཞིག་མ་རེད། བོད་པའི་སྤྱི་ཚོགས་དང་རྦད་དེ་ཁ་བྲལ་ནས་ནས་འཚར་ལོངས་བྱུང་བའི་ཁྱོད་ཀྱི་ཕྲུ་གུ་དེའི་མ་འོངས་པ་ནི་དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ཆགས་ཟིན། ཁྱོད་རང་ཕྱི་རྒྱལ་དུ་ཡོད་ན་ཡང་། ཕྲུ་གུའི་ཆེད་དུ་བོད་པ་རང་གི་སྤྱི་ཚོགས་དང་ཐག་ཉེ་སར་གཅར་རྒྱུ་གནད་འགག་ཆེན་པོ་རེད།

དེ་བཞིན་མི་རིགས་སྐད་ཡིག་སྣ་མང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར། རོགས་དངུལ། ཐོབ་ཐང་ཚང་མ་མི་གྲངས་མང་ཉུང་དང་ཐད་ཀར་འབྲེལ་བ་ཡོད། མི་གྲངས་མང་པོ་ཆགས་པ་དང་། སྤྱི་ཚོགས་ཁ་མ་གྲམ་པར་གནས་ཐུབ་ན་ནུས་ཤུགས་དམིགས་བསལ་ཡོད་རེད།

སྒེར་གྱི་བསམ་ཚུལ་གྱིས་སྐད་ཆ་མཇུག་བསྡུ་བ། 

ང་སྒེར་གྱི་ངོས་ནས། མ་འོངས་པར་རྒྱ་གར་ནས་ས་ཆ་འདིར་ཕེབས་མཁན་དེ་ཚོ་ཡང་། བོད་པ་མང་པོ་འདུས་སྡོད་བྱེད་ཡུལ་དང་། བོད་ཡིག་སློབ་གྲྭ་ཡག་པོ་ཡོད་སའི་ས་ཁུལ་འདེམས་རྒྱུ་དེ་རང་གི་བུ་རབས་ཚ་རྒྱུད་དང་འབྲེལ་བ་ཡོད་པ་ཞིག་རེད་བསམ་གྱི་ཡོད། འདི་ང་སྒེར་གྱི་བསམ་ཚུལ་ཡིན།

མཐར། རིག་གནས་སྐྱེད་ཚལ་ཁང་གི་ལས་འཛིན་རྒན་པ་ཞིག་གིས། ལོ་བཅོ་ལྔའི་སྔོན་ལ་ད་ལྟའི་རིག་གནས་སྐྱེད་ཚལ་ཁང་གི་རྒྱ་ཁྱོན་འདི་བློ་ཡུལ་དུ་འཁོར་མེད་པ་ཞིག་ཡིན་ཞེས་ལབ་པ་བཞིན། མ་འོངས་པའི་ལོ་ལྔ་དང་བཅུའི་ནང་ལ། ད་ལྟ་ང་ཚོའི་ཚོད་དཔག་ལས་བརྒལ་བའི་བཟང་ཕྱོགས་ཀྱི་ཡར་རྒྱས་ཆེན་པོ་ཞིག་ཡོང་བར་སྨོན། དེའི་ཆེད་དུ་ཚང་མས་ནུས་པ་མཉམ་སྤུངས་ཡོང་བར་སྨོན།

ཨོ་གླིང་བོད་ཀྱི་ཕྲུ་གུ་དག་གི་མ་འོངས་པ་རྒྱལ་བར་གྱུར་ཅིག

རྫོགས་སོ།།

Share this:
༧༢ ཀློག་གྲངས།