འཕྲིན་ཕྲན་ནི་བརྡ་འཕྲིན་ཡོ་ཆས་ཉེན་ཁ་ཆེ་ཤོས་རེད།

འཛམ་གླིང་ནང་གི་ཚོང་ལས་སྡེ་ཚན་མང་པོ་ཞིག་གི་བདག་གཉེར་བྱེད་བཞིན་པའི་བརྡ་འཕྲིན་ཡོ་ཆས་ཁག་ལས། རྒྱ་ནག་གི་ཚོང་ལས་སྡེ་ཚན་ཀྲེན་སིན་ཊ་(TENCENT) ཡིས་བདག་གཉེར་བྱས་པའི་འཕྲིན་ཕྲན་(WeChat)དང་ ཁུ་ཁུ་(QQ) གཉིས་ནི་སྒེར་གྱི་གསང་རྒྱ་ཤོར་ཉེན་ཆེ་ཤོས་ཀྱི་བརྡ་འཕྲིན་ཡོ་ཆས་ཡིན་འདུག

14813452_1295033247187208_1837017360_nདེ་ཡང་ཟླ་འདིའི་ཚེས་༢༡ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཏོན་པའི་སྙན་ཐོ་ཞིག་ནང་། འཛམ་གླིང་ནང་གི་ཚོང་ལས་སྡེ་ཚན་༡༡ ཀྱི་བདག་གཉེར་བྱེད་བཞིན་པའི་ངོ་དེབ་ཀྱི་བརྡ་འཕྲིན་ཡོ་ཆས་དང་། གུ་གྷལ་གྱི་བརྡ་འཕྲིན་ཡོ་ཆས་སོགས་ཡོ་ཆས་༡༦ གི་ཆ་རྐྱེན་ཐོག་ལ་དཔྱད་པ་བྱས་འདུག་པ་དང་། དེ་དག་ལ་སྒེར་གྱི་འཕྲིན་ཡིག་དང་སྐད། དཔར་དང་བརྙན་དཔར་སོགས་གསང་ཡིག་ལ་བསྒྱུར་ནས། གཞན་ལ་མི་གསལ་བ་ཆགས་པའི་ཆ་རྐྱེན་ཡོད་མེད་དང་། སྒེར་གྱི་གསང་རྒྱ་རྣམས་གཞུང་ལ་ཕྱིར་སྤྲོད་བྱེད་ཀྱི་ཡོད་མེད་སོགས་ཀྱི་ཐོག་ནས་བརྒྱ་ཆ་སྤྲད་འདུག དེའི་ནང་སྐད་འཕྲིན་དང་ཁུ་ཁུ་གཉིས་ལ་སྒེར་གྱི་འཕྲིན་ཡིག་སོགས་གསང་ཡིག་ལ་བསྒྱུར་ནས་གཞན་ལ་མི་གསལ་བ་ཆགས་པའི་ཆ་རྐྱེན་མེད་པ་མ་ཟད། འཛམ་གླིང་ནང་གི་བརྡ་འཕྲིན་ཡོ་ཆས་ཁག་གི་ཁྲོད། གཞུང་ལ་སྒེར་གྱི་གསང་རྒྱ་སོགས་ཕྱིར་སྤྲོད་བྱེད་ཀྱི་མིན་ཞེས་པའི་བསྒྲགས་གཏམ་མ་སྤེལ་མཁན་དེ་གཉིས་གཅིག་པུ་ཡིན་པས། དེ་གཉིས་ལ་བརྒྱ་ཆ་བརྒྱ་ལས་ཀླད་ཀོར་སྤྲད་འདུག་པས། དེ་གཉིས་ཉེན་ཁ་ཆེ་ཤོས་ཡིན་འདུག

ངོ་དེབ་ཚོང་ལས་སྡེ་ཚན་གྱི་བདག་གཉེར་བྱེད་བཞིན་པའི་བརྡ་འཕྲིན་ཡོ་ཆས་ཝ་ཙེབ་(Whatsapp) ནི་སྒེར་གྱི་གསང་རྒྱ་སྲུང་ཐུབ་མཁན་ཡག་ཤོས་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༠༤ ཀློག་གྲངས།