ལྷོ་ཨ་ཧྥི་རི་ཁའི་ཆབ་སྲིད་ཚོགས་པ་ཞིག་གིས་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ཐད་འབོད་སྐུལ།

བོད་མདོ་ཁམས་གསེར་རྟ་བླ་རུང་སྒར་དང་། ཡ་ཆེན་ཆོས་སྒར་གཉིས་སུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། ཆོས་སྒར་གཏོར་བཤིག་གཏོང་བཞིན་པ་མཚམས་འཇོག་དགོས་པར་ལྷོ་ཨ་ཧྥི་རི་ཁའི་ཆབ་སྲིད་ཚོགས་པ་ཨིན་ཏས་འབོད་སྐུལ་བྱས་ཡོད་འདུག

དེ་ཡང་། ཨིན་ཏ་ཀའི་ཕྱི་འབྲེལ་གྱི་མགྲིན་ཚབ་པ་དང་། གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཨེམ་ཨེ་མེ་ཝང་གོས་(Mr MA Mncwango) “གོ་ཐོས་བྱུང་བ་ལྟར་ན། ཡ་ཆེན་དང་བླ་རུང་སྒར་གཉིས་སུ་འགྲོ་མིའི་ཐོབ་ཐང་ལ་རྡོག་རོལ་དང་མནར་གཅོད་གཏོང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆོས་སྡེ་འདི་གཉིས་སུ། ཆོས་པའི་གྲངས་ཀ་ཇེ་ཉུང་དུ་གཏོང་རྒྱུའི་དམིགས་ཡུལ་བཟུང་ནས། བོད་ཀྱི་གྲྭ་བཙུན་རྣམས་ཀྱི་བདག་དབང་ཕྲོགས་ཏེ་སྡོད་ཁང་གཏོར་བཤིག་བྱེད་བཞིན་ཡོད་འདུག་པ་ནི། ཆོས་དད་རང་དབང་དང་། ཞི་བའི་འདུ་འཛོམས། ཚོགས་པའི་རང་དབང་། མི་སྒེར་གྱི་རང་དབང་བཅས་གཞི་རྩའི་ཐོབ་ཐང་རྣམས་ལ་རྡོག་རོལ་བཏང་བ་ཞིག་ཡིན་ཁར། རྒྱ་གཞུང་དེ་བྱམས་བརྩེའི་གོ་མཚོན་ལ་བརྟེན་ནས་ཞི་བདེའི་འཕྲིན་པ་སྐྱེལ་མཁན་གྱི་ཆོས་ལུགས་ཞིག་ལ་འཇིགས་སྣང་སྐྱེས་ཀྱི་ཡོད་པའི་རྣམ་པ་འདུག”ཅེས་བརྗོད་ཡོད་འདུག

དེ་བཞིན་ཁོང་གིས་“ང་ཚོ་ཨིན་ཏ་ཀ་ཆབ་སྲིད་ཚོགས་པས་ལྷོ་ཨ་ཧྥི་རི་ཀར་ཡོད་པའི་བོད་པ་དང་། བོད་ཀྱི་གྲོགས་པོ་རྣམ་པ་བཅས་དང་ལྷན་དུ།  ནང་པའི་ཆོས་སྡེ་ཆེན་མོ་བླ་རུང་སྒར་དང་ཡ་ཆེན་སྒར་དུ་གནས་སྡོད་བྱེད་མཁན་དང་། ཆོས་པ། དེ་བཞིན་སློབ་མ་བཅས་ཀྱི་སྡོད་ཤག་གཏོར་བཤིག་གཏོང་རྒྱུ་དང་།  ཁོང་རྣམས་ཕྱིར་འབུད་བྱེད་རྒྱུ་མཚམས་འཇོག་དང་། རྒྱ་གཞུང་གི་གནོན་ཤུགས་མེད་པར་རང་དབང་བག་ཕེབས་ངང་ཆོས་ཉམས་སུ་ལེན་ཆོག་པ་ཡོང་དགོས་པ་བྱེད་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད། ”ཅེས་བརྗོད་ཡོད་འདུག

ཡང་ཁོང་གིས་“ཕྱི་ལོ་༢༠༡༣ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་དཔྱད་ཞིབ་བྱེད་སྐབས་(UN Universal Periodic Review of China in 2013) རྒྱ་ནག་གིས་ཁས་ལེན་བྱས་པ་བཞིན། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་རྒྱ་ནག་དང་བོད་དུ་གང་མགྱོགས་སུ་སྐོར་བསྐྱོད་ལ་འགྲོ་འཇུག་དགོས་པ་དང་། དེ་བཞིན་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་གཉིས་སུ་ཡང་རྟོག་ཞིབ་ཆེད་འགྲོ་འཇུག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་”ཅེས་བརྗོད་ཡོད་པ་རེད་འདུག

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༩༥ ཀློག་གྲངས།