མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན།

བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མི་དེས་སོ་སོའི་རེ་བཞིན་སྒྲུབ་ཐུབ་ཀྱི་འདུག་གམ་མི་འདུག་ལྟ་དགོས་པ་རེད། དང་པོ་སོ་སོ་ལ་ལངས་ཕྱོགས་ཤིག་དགོས་པ་གལ་ཆེན་པོ་རེད། སོ་སོར་ལངས་ཕྱོགས་མེད་པར་འོས་ཤོག་འཕངས་ན་འོས་ཤོག་དེ་འཕྲོག་བརླག་ཏུ་ཕྱིན་པ་རེད། རང་བཙན་འདོད་མཁན་ཡིན་ན་རང་བཙན་འདོད་མཁན་ཞིག་ལ་བླུགས་དགོས་ཀྱི་རེད། སོ་སོའི་མངོན་འདོད་དང་མི་མཐུན་པའི་མི་ཞིག་སླེབས་ཡོང་དུས་རང་བཞིན་གྱིས་ཁ་གཏོང་དགོས་པ་ཞིག་ཆགས་ཀྱི་རེད། དེ་བཞིན་མདོ་སྨད་པ་ཞིག་གིས་མདོ་སྨད་པ་ཞིག་ལ་ངེས་པར་དུ་འོས་བླུགས་དགོས་པ་ཡོད་མ་རེད། བཀའ་བློན་ཁྲི་པ་དེ་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གཙོ་བོར་བཟུང་མཁན་ཞིག་ལ་བསམ་བློ་གཙོ་བོ་གཏོང་དགོས་པ་རེད། ཕོ་མོ་དང་ཆོལ་ཁ་སོགས་ཀྱི་དབྱེ་བ་གང་ཡང་ཡོད་མ་རེད། ཅེས་སོགས་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་སོང། དེ་བཞིན་བཀའ་ཟུར་ཀིརྟི་རིན་པོ་ཆེས་མི་མང་གི་ངོས་ནས་དུས་རྒྱུན་ནས་འགན་འཁུར་ནས་སོ་སོས་བདམས་པའི་བཀའ་ཁྲི་དང་སྤྱི་འཐུས་རྣམ་པས་ག་རེ་གནང་གི་འདུག་ལྟ་རྒྱུ་གལ་ཆེན་པོ་རེད། མི་མང་གིས་འོས་ཤོག་བླུགས་རྒྱུ་གཅིག་པུ་མ་གཏོགས་དུས་རྒྱུན་ནས་འགན་མ་ཁུར་ན། སྤྱི་འཐུས་ཀྱིས་འགན་ལེན་གཏོང་རྒྱུ་གང་ཡང་ཡོད་མ་རེད། གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་རྙོག་དྲ་ཏོག་ཙམ་བྱུང་བ་དེའི་སྐོར་སྲང་ལམ་ནང་དུ་སྐད་ཆ་བཤད་མཁན་བྱུང་བ་རེད། རྩོམ་ཡིག་ཁ་ཤས་འབྲི་མཁན་བྱུང་བ་རེད་མ་གཏོགས་གཞན་མི་མང་གིས་འགན་ག་རེ་ལེན་ཐུབ་ཀྱི་འདུག སྤྱི་འཐུས་ཀྱི་ལས་དོན་བྱེད་ཕྱོགས་ལ་མི་མང་གིས་དེ་ལས་ལྷག་པའི་འགན་ལེན་ཐུབ་ཡོད་མ་རེད་ཅེས་སོགས་ལམ་སྟོན་ཟབ་མོ་གནང་སོང།
དམིགས་བསལ་ཚོགས་ཆེན་དེའི་གྲོས་གཞི་ཁག་བདུན་ཡོད་པའི་དང་པོ། འཛམ་གླིང་སྤྱི་དང་ལྷག་པར་རང་ཅག་བོད་ལྗོངས་ཆོལ་གསུམ་སྐྱེ་འགྲོ་སྤྱི་ལ་༸གོང་ས་མཆོག་གི་སྐུ་ཕྱྭ་ལས་གལ་འགངས་ཆེ་བ་མེད་སྟབས། རང་ཁོངས་མདོ་སྨད་མི་མང་གིས་བསྒྲུབ་ཐུབ་པའི་ལས་འགན་གང་ཡོད་སྐོར། གཉིས་པ། མདོ་སྨད་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་ནམ་འཚོགས་ལ་མདོ་སྨད་སྤྱི་འཐུས་རྣམ་པས་ཆ་ཤས་ལེན་ཕྱོགས་དང། མ་འོངས་སྤྱི་འཐུས་ག་འདྲ་ཞིག་དགོས་མིན་དེ་བཞིན་སྤྱི་འཐུས་འདེམས་ཕྱོགས་ཐད་ས་གནས་སོ་སོ་ནས་མི་མང་བསྡུ་སྐོང་གིས་བགྲོ་གླེང་ཚོགས་འདུ་བརྒྱུད་དུས་ཚོད་ངེས་བཅད་ནང་དབུས་རྒྱུན་ལ་འབུལ་ལམ་ཞུས་ཏེ་དབུས་རྒྱུན་ནས་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་གནང་དགོས་མིན་སྐོར། གསུམ་པ། བཙན་བྱོལ་བོད་གཞུང་སྲ་བརྟན་ནུས་ལྡན་དང་བོད་དོན་བདེན་མཐའ་མྱུར་བར་གསལ་ཐབས་སུ་ཕྱི་ལོ་༢༠༡༡ ལོར་ཤེས་འཇོན་གཉིས་ལྡན་གྱི་བཀའ་བློན་ཁྲི་པ་ཚད་ལྡན་ཞིག་ཡོང་ཐབས་སྐོར། བཞི་པ། མདོ་སྨད་ཆོལ་ཁོངས་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་དང་འབྲེལ་བའི་རྩ་དོན་བསྒྲུབ་ཕྱོགས་ཐད་ལས་འགུལ་སྤེལ་ཐབས་སྐོར། ལྔ་པ། མདོ་སྨད་དབུས་རྒྱུན་དང་ས་རྒྱུན་བར་གྱི་འབྲེལ་ལམ་སྔར་ལྷག་ཡར་རྒྱས་ཚགས་ཚུད་བྱུང་དང་འབྱུང་བཞིན་པའི་ཐོག་རྒྱ་གར་ནང་གཙོས་ཕྱི་རྒྱལ་ས་ཁུལ་ཁག་ཏུ་མདོ་སྨད་ས་གནས་རྒྱུན་ལས་འཛུགས་ཐབས་སྐོར། དྲུག་པ། མདོ་སྨད་ཆོལ་ཁའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཆོད་དགོངས་དོན་གཞིར་བཟུང་བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ་གསར་བཟོ་ཟིན་པའི་ནང་ས་རྒྱུན་སོ་སོ་ནས་ཡར་རྒྱས་འབྱུང་ཐབས་སུ་རོགས་འདེགས་གང་དགོས་སྐོར། བདུན་པ། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་སྐུ་ཚེ་གང་བོར་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ངལ་ཚད་མེད་བསྐྱོན་ཏེ་སྐུ་གཤེགས་ནས་བགྲང་བྱ་ཉི་ཤུ་འཁོར་བར་མྱ་ངན་གུས་འདུད་དང་སྐུ་ཕྲེང་བཅུ་གཅིག་པ་མཆོག་མྱུར་དུ་གློད་གྲོལ་ཡོང་ཐབས་སྐོར་བཅས་ཡིན་པ་རེད།།

Share this:
༦༨ ཀློག་གྲངས།