ཤོ་རྩེད་དང་བོད་པའི་བསམ་བློ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་   ༦༡༩  ཕྱི་ལོ་ ༢༠༡༦/༡༡/༢

འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཡུལ་སྲོལ་གོམས་གཤིས་མི་འདྲ་བ་མང་པོ་ཡོད་པ་དང་། དེ་དང་འབྲེལ་བའི་ཐོག་ནས་བྱུང་བའི་རིག་གནས་མང་པོ་ཞིག་ཡོད་པ་ནི་སྨྲོས་མི་དགོས་པ་རེད། རིག་གནས་གང་ཡིན་ཡང་དེའི་རྒྱབ་ལྗོངས་ཀྱི་བསམ་བློ་ནི་རིག་གནས་དེ་བྱུང་འཕེལ་བྱེད་སའི་མི་རིགས་དེའི་བསམ་བློའི་རྒྱབ་ལྗོངས་དང་འབྲེལ་བ་གཏིང་ཟབ་ཡོད། དཔེར་ན་ཡུལ་སོ་སོའི་ཞབས་བྲོ་དང་དེའི་སྟངས་སྟབས་སོགས་ཀྱང་གང་ནས་བྱུང་བའི་ཡུལ་དེའི་མིའི་བསམ་བློ་དང་འབྲེལ་བ་རྒྱ་ཆེན་པོ་ཡོད་པ་བསམ་ཞིབ་ཅུང་ཙམ་བྱས་ན་ཤེས་ཐུབ་པ་ཞིག་རེད། རིག་གནས་གང་ཞིག་ཐོག་མ་ཡུལ་གཞན་ཞིག་ནས་བྱུང་བ་ཡིན་ནའང་། རྒྱབ་ཁབ་བམ་མི་རིགས་གཞན་ཞིག་གི་ནང་དུ་དར་ཁྱབ་བྱུང་བའི་སྐབས་མི་རིགས་དེའི་བསམ་བློ་དང་ཆུ་ལ་ཆུ་བཞག་ལྟ་བུ་དབྱེར་མེད་དུ་གྱུར་པའི་ཚེ་རིག་གནས་དེ་ཡང་མི་རིགས་དེས་རྒྱུན་འཛིན་ཡུན་རིང་བྱེད་བཞིན་ཡོད་པ་དཔེར་ན། རྒྱ་གར་རྒྱལ་ཡོངས་སུ་རྩེད་མོའི་ནང་ནས་དབྱུག་རྩེད་ (Χριχκετ) སྤོ་ལོའི་རྩེད་མོ་དེ་ཆེ་བརྒྱད་ཅུ་ནས་ཆུང་བྱིས་པའི་བར་ཤ་ཐིམ་པགས་ཐིམ་དུ་གྱུར་ཟིན།

རྩེད་འགྲན་དེ་ནི་རྒྱ་གར་གྱི་མི་ལྟ་བུ་རྒྱུ་མ་རིང་པོ་དང་དུས་ཚོད་སྐྱེལ་མཁན་ཞིག་གི་བསམ་བློ་དང་མཐུན་ཆེ་ལ། དཔེར་ན་རྩེད་འགྲན་ཐེངས་གཅིག་ལ་ཉིན་བདུན་བརྒྱད་འགོར་བ་དང་། ད་ལྟའི་ཆར་ཇི་ལྟར་ཉུང་དུ་བཏང་ཡང་རྩེད་འགྲན་ཐེངས་གཅིག་ལ་ཆུ་ཚོད་གསུམ་བཞི་ཙམ་རེ་གཏོང་དགོས། དེ་ནི་རྒྱ་གར་མི་མང་གི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་སོགས་ཕྱོགས་ཡོངས་ནས་མཐུན་པ་ཞིག་ཡིན་སྟབས་དབྱུག་རྩེད་སྤོ་ལོ་དེ་ཉིད་དབྱིན་ཡུལ་ནས་དར་བ་ཞིག་ཡིན་ཡང་། ད་ལྟའི་ཆར་རྒྱ་གར་མི་མང་གི་ངོས་ནས་ཆེས་དགའ་ཤོས་དང་། རྒྱ་གར་རྒྱལ་ཡོངས་སུ་ཆེས་དར་སྲོལ་ཆེ་ཤོས་ཀྱི་རྩེད་མོ་ཞིག་ཏུ་གྱུར་ཡོད། དེ་བཞིན་དྲག་རྩུབ་ཅན་དང་སྟབས་མ་ལེགས་ན་སྲོག་ཀྱང་འཆོར་བའི་རྩེད་མོའི་རིགས་མང་པོ་ཞིག་ནུབ་ཕྱོགས་ནས་དར་ཞིང་གཙོ་ཆེ་ཤོས་ནུབ་ཕྱོགས་སུ་གནས་ཡོད་པ་དང་། ད་ལྟའི་ཆར་ནུབ་ཕྱོགས་པའི་ཤུགས་རྐྱེན་འཛམ་གླིང་གང་སར་ཁྱབ་ཡོང་བའི་སྐབས་སུ་རྩེད་འགྲན་འདི་དག་ཀྱང་འཛམ་གླིང་ཤར་ནུབ་གང་སར་དར་ཁྱབ་འགྲོ་བཞིན་ཡོད།

བོད་རང་ནས་བྱུང་ཞིང་བོད་རང་ནས་རྒྱུད་འཛིན་བྱེད་པའི་རྩེད་མོའི་ནང་ནས་མི་མང་པོ་ཞིག་དང་ལྷག་པར་མཐོ་རིམ་མི་སྣ་རྣམས་དོ་སྣང་ཆེ་ཤོས་བྱེད་སའི་རྩེད་མོ་ཞིག་ནི་ཤོ་རྩེད་ཡིན་ལ། གནའ་བོའི་དུས་སུ་ཤོ་རྩེད་ནི་བོད་གཞུང་གི་སྐུ་དྲག་དག་གི་དུས་ཚོད་སྐྱེལ་བྱེད་ཀྱི་རྩེད་མོ་ཡག་ཤོས་ཤིག་ཡིན་པ་དང་། ད་ལྟའི་ཆར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་གུང་སེང་གི་སྐབས་རྣམས་སུ་ཤོ་རྩེ་བའི་སྐད་དེ་“སྦག་” “སྦག་”ཅེས་གང་སར་གོ་རྒྱུ་ཡོད་པ་ཞིག་ཏུ་གྱུར་ཡོད། རྩེད་མོ་འདི་ཡང་བོད་པ་སྤྱི་དང་བྱེ་བྲག་མཐོ་རིམ་མི་སྣའི་བསམ་བློ་དང་ཤིན་ཏུ་མཐུན་པའི་རྩེད་མོ་ཞིག་ཡིན། དེ་ཡང་ལྷོད་ལྷོད་བྱས་ནས་བསྡད་དེ་རྩེ་ཆོག་པ་དང་། རྩེད་མོ་ཐེངས་གཅིག་ལ་དུས་ཡུན་རིང་པོ་མི་འགོར་ནའང་ཉིན་མཚན་ཁ་ཤས་ལ་ལྷོད་ལྷོད་བྱས་ནས་བསྡད་དེ་རྩེ་ཆོག་པའི་རྩེད་མོ་ཞིག་ཏུ་གྱུར་ཡོད། བོད་པ་ནི་འགུལ་བསྐྱོད་རྒྱག་རྒྱུར་མི་དགའ་བར་བོད་པའི་ས་ཕྱོགས་ཁག་ཅིག་ཏུ་ངལ་རྩོལ་དང་ཐོན་སྐྱེད་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་དཔེར་ན་མགར་བ་ལྟ་བུ་ལ་མཐོང་ཆུང་བྱེད་པའི་ལུགས་སྲོལ་ཡང་ཆེན་པོ་ཡོད།

དེར་བརྟེན་ཤོ་རྩེད་ནི་བོད་པའི་བསམ་བློ་དང་མཐུན་པའི་རྩེད་མོ་ཞིག་ཡིན་ལ། ལྷག་པར་ཆབ་སྲིད་ཀྱི་འགན་ཁུར་མཁན་མཐོ་རིམ་མི་སྣའི་ནང་རྩེད་མོ་འདི་ལ་དགའ་མོས་ཆེན་པོ་བྱེད། རྩེད་མོ་འདི་ཉིད་རྩེ་སྟངས་ཀྱི་རྣམ་པའི་ཐོག་ནས་ཀྱང་བོད་པའི་ཆབ་སྲིད་མི་སྣའི་བསམ་བློ་གཏོང་སྟངས་དང་ཧ་ཅང་མཐུན་ཞིང་། དཔེར་ན་ཤོ་རྩེ་བའི་སྐབས་སུ་མདུན་ཕྱོགས་སུ་ལ་བརྒྱབ་ནས་འགྲོ་མཁན་དེ་རྒྱབ་ཕྱོགས་སུ་ཡོད་མཁན་ཚང་མས་རུབ་བརྒྱབ་ནས་གསོད་གང་ཐུབ་བྱེད་རྒྱུ་དེ་རེད། རྩེད་མོ་དེ་ཚར་གཅིག་གྲུབ་པའི་རྗེས་སུ་སླར་ཡང་མདུན་དུ་བསྐྱོད་མཁན་དེ་ལ་རྒྱབ་ཏུ་ཡོད་མཁན་དག་གིས་རུབ་བརྒྱབ་ནས་ཡར་ལང་ཐབས་མེད་པ་ཞིག་བཟོ་རྒྱུ་དེ་ཡིན་པས། ཆབ་སྲིད་མི་སྣ་དག་གི་བསམ་བློ་གཏོང་སྟངས་ཀྱང་མདུན་དུ་འགྲོ་མཁན་དེ་མི་སུ་ཡིན་མིན་ལ་ཁྱད་པར་མེད་པར། གཤམ་དུ་ཡོད་མཁན་དག་གིས་དེའི་རྐང་པ་འཐེན་གང་ཐུབ་བྱེད་པ་འདི་ཉིད་གནའ་ནས་ད་བར་དུ་དར་བའི་བོད་པའི་ལུགས་སྲོལ་ཞིག་ཏུ་གྱུར་ཡོད། ཤོ་རྩེད་ནི་བོད་པའི་སྤྱི་ཚོགས་དང་ལྷག་པར་དུ་བོད་པའི་ཆབ་སྲིད་པ་དག་གི་བསམ་བློ་གཏོང་སྟངས་དང་ཧ་ཅང་མཐུན་པའི་རྩེད་མོ་ཞིག་ཡིན་པའི་ཆ་ནས་གནའ་ནས་ད་བར་རྒྱུན་གནས་ཐུབ་པ་བྱུང་ཡོད།

མདོར་ན་རྩེད་མོའི་རིགས་ནི་ཐོག་མ་མི་རིགས་གང་ནས་དར་ཡང་འདི་དག་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་བསམ་བློའི་རྒྱབ་ལྗོངས་མང་པོ་ཡོད་པ་བཞིན། བོད་རང་ནས་བྱུང་ཞིང་བོད་རང་དུ་དར་བའི་ཤོ་རྩེད་ལྟ་བུ་ལ་མཚོན་ནའང་རྩེ་སྟངས་དང་བསམ་བློའི་དམིགས་ཡུལ་སོགས་གང་ཐད་ནས་བོད་མི་སྤྱི་དང་། ལྷག་པར་དུ་བོད་པའི་ཆབ་སྲིད་མི་སྣ་དང་མཐོ་རིམ་ལས་བྱེད་ཕལ་མོ་ཆེའི་བསམ་བློ་གཏོང་སྟངས་དང་ཡོངས་སུ་མཐུན་པ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པ་ལྟ་བུ་རེད། གོང་དུ་བཤད་པ་དག་ཤོ་རྩེད་ལ་ཟུར་ཟ་བ་དང་། བོད་པའི་མཐོ་རིམ་དཔོན་རིགས་དག་ལ་ཟུར་ཟ་བ་ཞིག་མིན་ལ། བོད་པའི་རིག་གནས་དང་བོད་པའི་བསམ་བློའི་འགལ་འབྲེལ་ཐད་དུས་རྒྱུན་ཡོད་པའི་བསམ་ཚུལ་ཞིག་ཐད་བརྗོད་བྱས་པ་ཙམ་ཡིན། བོད་པའི་ངོས་ནས་མ་འོངས་པར་བོད་མི་རིགས་ཀྱི་བསམ་བློ་དང་མཐུན་པའི་རྩེད་མོ་ག་འདྲ་ཞིག་གསར་གཏོད་བྱེད་སྲིད་མིན་དང་། བོད་མི་རིགས་ཀྱི་བསམ་བློ་དང་མདུན་བསྐྱོད་དང་འབྲེལ་བའི་རྩེད་མོ་ག་འདྲ་ཞིག་ནང་འདྲེན་བྱེད་སྲིད་དམ་ཞེས་པའི་དྲི་བ་ཡང་རང་བཞིན་གྱིས་སླེབས་ཡོང་།།

Share this:
༣༠༦ ཀློག་གྲངས།