བཙན་བྱོལ་བོད་མིའི་དཀའ་ངལ་དང་རེ་བ་ཞེས་པའི་དེབ་དབུ་འབྱེད།

ཉམས་ཞིབ་པ་ཚེ་དབང་རིག་འཛིན་གྱིས་བརྩམས་པའི་བཙན་བྱོལ་བོད་མིའི་ཀ་བ་གསུམ་སྟེ། དབུས་བོད་མིའི་སྒྲིག་འཛུགས་དང་གཞིས་ཆགས་ཁག དེ་བཞིན་ཤེས་རིག་གི་ལྟེ་གནས་རྣམས་ཀྱི་འདས་པ་དང་ད་ལྟའི་གནས་སྟངས་རྣམས་ལ་ཞིབ་འཇུག་དང་། འབྱུང་འགྱུར་འཕྲད་སྲིད་པའི་དཀའ་ངལ་དག་ལ་དཔྱད་ཞིབ།  འབྱུང་འགྱུར་བོད་དུ་ལོག་རྒྱུ་མ་འབྱུང་བའི་བར་དུ། བཙན་བྱོལ་སྤྱི་ཚོགས་འདི་སྲ་བརྟན་ཡོང་ཐབས་སྐོར་ལ་དཔྱད་ཞིབ་བྱས་པའི་དཔེ་དེབ་དབུ་འབྱེད་བྱས་ཡོད་པ་རེད།

14881194_1303386549685211_861481846_oདེ་ཡང་ཟླ་འདིའི་ཚེས་༣ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། དེབ་འདིའི་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གཉིས་ཕེབས་ཡོད་པ་དང་།

དགེ་བཤེས་ལྷག་རྡོར་གྱིས། མ་འོངས་པར་༧གོང་ས་མཆོག་སྐུ་ཚེ་རིང་པ་བཞུགས་པ་དང་། དབུ་མའི་ལམ་དེ་ལམ་ལྷོངས་བྱུང་ན་སྐད་ཆ་གཅིག་རེད་དེ། གལ་ཏེ་༧གོང་ས་མཆོག་སྐུ་ཚེ་མ་བརྟན་པ་དང་བོད་དོན་བདེན་མཐའ་མ་གསལ་ཚེ་གནས་སྟངས་གང་འདྲ་ཆགས་སྲིད་པ། འཛམ་གླིང་ནང་འགྱུར་བ་ཤུགས་ཆེན་འགྲོ་བཞིན་པར་རླུང་རྟ་བརྒྱུག་ན་ང་ཚོར་བཟང་ཕྱོགས་ཡོང་སྲིད་པ། དེ་ལྟར་མ་བྱུང་ཚེ་གྲ་སྒྲིག་བྱེད་རྒྱུ་གལ་ཆེན་ཡིན་པའི་ནང་དོན་གཙོ་བོར་བཀོད་ཡོད་སྐོར་དང་། དེ་བཞིན་ཁོང་གིས་ང་ཚོ་བཙན་བྱོལ་བོད་མི་རྣམས་རང་ཉིད་ཀྱི་ལྟོ་གོས་འགྲིག་ཙམ་ཡོང་པ་དང་དཀའ་ངལ་ཆེན་པོ་མ་འཕྲད་དུས། འགྲིག་པ་བྱས་ནས་ཕྱིན་ཡོད་པ་དང་མ་འོངས་པར་དེ་འདྲ་འགྲོ་བའི་ཉེན་ཁ་ཡོད་པས། སྔོན་ནས་གྲ་སྒྲིག་མ་བྱས་ན། དཀའ་ངལ་ཞིག་འཕྲད་དུས་ཡར་མར་བརྒྱུགས་ནའང་ཕྱི་དྲགས་ནས་གྲུབ་འབྲས་ཐོན་རྒྱུ་ཁག་པོ་ཡིན་པས། རྩོམ་པ་པོས་སེམས་ཁུར་བླངས་ནས་བརྩམས་པའི་དེབ་དེ་ཕྱི་མ་དྲགས་ནའང་སྔ་དྲགས་མེད་པ། བོད་མི་ཚོས་མ་འོངས་པའི་གྲ་སྒྲིག་བྱེད་རྒྱུ་དེ་ཛ་དྲག་ཆགས་ཡོད་སྐོར་གསུངས་སོང་།

ཐུབ་བསྟན་བསམ་འཕེལ་གྱིས་དེབ་དབུ་འབྱེད་བྱས་རྗེས། དེབ་འདི་བཀླགས་རྗེས་བཙན་བྱོལ་བོད་མིར་ཉེན་ཁ་ཆེ་ཤོས་དེ་ཕྱི་ལོགས་ནས་མིན་པར། ང་ཚོའི་སྤྱི་ཚོགས་ནང་ནས་ཡོང་གི་ཡོད་པ། དེ་བཞིན་དེབ་འདིའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྱི་ལོ་༡༩༨༩ ལོར་མི་འབོར་འཕེལ་རྒྱས་དེ་བརྒྱ་ཆ་༤.༩ དང་། ཕྱི་ལོ་༢༠༠༩ ལོར་བརྒྱ་ཆ་༡.༡༨ ཡིན་འདུག་པས། བརྒྱ་ཆ་གསུམ་ཙམ་མར་ཆག་ཡོད་པ། གལ་ཏེ་དེ་ལྟར་མུ་མཐུད་ཕྱིན་ཚེ་མ་འོངས་ལོ་༥༠ དང་༡༠༠ ནང་བོད་མིའི་མི་འབོར་ཡལ་བའི་ཉེན་ཁ་ཡོད་པ་བསྟན་ཡོད་པས། མ་འོངས་པར་ཉེན་ཁ་དང་དཀའ་ངལ་གང་འཕྲད་སྲིད་མིན་དང་དེ་དག་ཁ་གཏད་གཅོག་ཐབས་ལ་ཞིབ་འཇུག་བྱེད་པ་གནད་འགག་ཆེན་པོ་ཡིན་སྐོར་གསུངས་སོང་།

དེབ་འདིའི་རྩོམ་པ་པོ་ཚེ་དབང་རིག་འཛིན་གྱིས་དེབ་འདི་དཔར་བསྐྲུན་བྱེད་པར་ལམ་སྟོན་བྱེད་མཁན་དང་། རོགས་སྐྱོར་བྱེད་མཁན། དེབ་འདི་བོད་བསྒྱུར་བྱེད་མཁན་སོགས་ལ་ཐུགས་རྗེ་ཆེ་ཞུས་རྗེས། ཕྱི་ལོ་༢༠༠༨ ལོར་༧གོང་ས་མཆོག་གིས་འདས་པའི་ལོ་༣༠ ཡི་ཁྲོད་བཙན་བྱོལ་ནང་འཐུས་ཤོར་གང་ཕྱིན་ཡོད་མེད་དང་། མ་འོངས་པར་ལོ་༢༠ ཡི་ནང་འཐུས་ཤོར་དེ་དག་མུ་མཐུད་ཕྱིན་ཚེ་མགོ་ལོག་རྩེ་རྒྱུ་ཡིན་པའི་བཀའ་སློབ་གནང་བ་དང་། དེ་བཞིན་༧གོང་ས་མཆོག་གིས་རྒྱུན་ལྡན་ནས་རེ་བ་བཟང་སར་རྒྱོབ། གྲ་སྒྲིག་སྡུག་ས་ནས་གྱིས་ཞེས་པ་དང་བསྟོད་དགོས་ན་ཕྱི་ལོགས་ལ་བསྟོད་འཇུག ནང་ནས་ཞན་ཆ་ཧ་གོ་བས་ཐོག་ནས་ལས་ཀ་གྱིས་ཤོག་ཅེས་བཀའ་སློབ་གནང་གི་ཡོད་པས། རང་ཉིད་ཀྱི་འཇོན་ཚོད་དཔག་ཚོད་ཀྱིས་དེའི་སྐོར་ལ་ཞིབ་འཇུག་བྱས་པ། དེ་བཞིན་ཞིབ་འཇུག་བྱེད་ལུགས་དེ་བཟང་ཆ་གཙོ་བཟུང་གི་བྱེད་ལུགས་མིན་པར། ཞན་ཆ་གཙོ་བཟུང་གི་བྱེད་ལུགས་ཀྱིས་བྱས་པ་དང་། དེ་བཞིན་ཞིབ་འཇུག་ནང་རང་ཉིད་ཀྱི་བསམ་ཚུལ་མ་བཤད་པར། ཞིབ་འཇུག་གི་སྙན་ཐོ་ལ་འགྲེལ་བཤད་དང་མཁས་པའི་སྐད་ཆ་ལུང་འདྲེན་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

དེབ་ནང་དུ་དབུས་བོད་མིའི་སྒྲིག་འཛུགས་འདི་ཚོགས་པ་ཞིག་ཡིན་པ། གཞིས་ཆགས་དང་མི་མང་། ཤེས་ཡོན་གྱི་ལྟེ་གནས་དང་མ་འོངས་པ་བཅས་སྡེ་ཚན་གསུམ་དུ་ཕྱེ་འདུག ཁོང་གིས་དེབ་འདི་དབྱིན་ཡིག་ཐོག་བྲིས་ཡོད་པ་དང་། ཁོང་གི་གྲོགས་པོ་ཚེ་རིང་བསམ་གྲུབ་ཀྱིས་བོད་སྒྱུར་བྱས་པ་རེད་འདུག ཁོང་གིས་གསར་འགོད་པར་དེབ་འདིའི་ཆེད་ལོ་གཅིག་རིང་ཉམས་ཞིབ་དང་ཟླ་གསུམ་རིང་བྲིས་ཡོད་སྐོར་བརྗོད་སོང་།

14924148_1303386523018547_1890262693_oཚེ་དབང་རིག་འཛིན་ནི་བོད་ཁྱིམ་སློབ་གྲྭ་ནས་ཐོན་པ་དང་། རྒྱ་གར་ལྷོ་ཕྱོགས་མེངྒ་ལོར་གཙུག་ལག་སློབ་ཆེན་དུ་སྤྱི་ཚོགས་ཞབས་ཞུ་དང་ཡར་རྒྱས་ཀྱི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས། དེ་ནས་ཨ་རི་ཨེ་མོ་རི་གཙུག་ལག་སློབ་ཆེན་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་རིགས་ལམ་ཐོག་སློབ་ཐོན་བྱུང་ཡོད་པ་དང་། ད་ལྟའི་ཆར་ཨ་རི་བོད་ཀྱི་ཐེབས་རྩའི་ནང་སྤྱི་ཚོགས་ཡར་རྒྱས་ཀྱི་གྲོས་སྟོན་པའི་ལས་ཀ་བྱེད་མུས་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༡༤༩ ཀློག་གྲངས།