ལྡི་ལིའི་མཁའ་རླུང་འབག་བཙོག་གི་ཉེན་ཁ།

ཉེ་བའི་ཆར་རྒྱ་གར་གྱི་རྒྱལ་ས་དྷི་ལིའི་མཁའ་རླུང་འབག་བཙོག་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་ནས། མི་མང་པོ་ཞིག་བྱང་ཕྱོགས་ཀྱི་རི་རྒྱུད་ས་གནས་ཁག་ཏུ་འབྲོ་བཞིན་ཡོད་འདུག

14971376_1309447202412479_225483264_nཟླ་འདིའི་ཚེས་༨ ཉིན་གྱི་རྒྱལ་སྤྱི་དང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་དུས་ཆེན་དྷི་ཝ་ལིའམ་མར་མེ་དུས་མཆོད་རྗེས་སུ་དྷི་ལིའི་མཁའ་རླུང་འབག་བཙོག་གི་གནས་སྟངས་ཚབས་ཆེན་ཆགས་ནས། གྲོང་ཁྱེར་གྱི་མཁའ་རླུང་ལ་དུ་ཞགས་ཀྱིས་ཁེངས་ནས། མི་མང་པོ་ཞིག་ལ་དབུགས་གཏོང་ལེན་གྱི་དཀའ་ངལ་དང་མིག་ཚ་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག མཁའ་རླུང་ནང་ཡོད་པའི་དུག་རྫས་ཁ་སྣ་སོགས་བརྒྱུད་ལུས་པོའི་ནང་དུ་མི་འགྲོ་ཆེད། སྲུང་སྐྱོབ་ཀྱི་ཁ་རས་དགོས་མཁོ་ཆེན་པོར་གྱུར་བ་དང་། གྲོང་ཁྱེར་གྱི་ཚོང་ཁང་ཁག་ནང་ཁ་རས་རྫོགས་ནས། རྒྱལ་ཁབ་གཞན་ནས་ནང་འདྲེན་བྱེད་དགོས་པ་ཆགས་ཀྱི་ཡོད་འདུག གནས་སྡོད་མི་མང་ཕོན་ཆེན་ཚོང་ཁང་དེ་དག་གི་ཕྱི་ལོག་ལ་རུ་བསྒྲིགས་ནས་སྡོད་དགོས་པའི་གནས་ཚུལ་མང་པོ་ཐིན་བཞིན་ཡོད་འདུག དེ་བཞིན་དྲ་ཐོག་ཚོང་ལས་ཁང་མང་པོ་ཞིག་ནང་ཁ་རས་ཉོ་མཁན་མང་དྲགས་རྐྱེན། དེ་དག་སྐྱེལ་འགྲེམས་ཀྱི་དུས་ཚོད་ཕྱིར་འགྱངས་བྱེད་དགོས་པ་ཆགས་ཀྱི་ཡོད་འདུག

ཚོང་པ་ཞིག་གིས་“ང་ཚོས་ཁ་རས་སིང་གྷ་པུར་དང་ཧོང་ཀོང་སོགས་ནས་ནང་འདྲེན་བྱེད་ཀྱི་ཡོད་ཀྱང་། ད་དུང་ཉུང་དྲགས་ཀྱི་འདུག ང་ཚོས་འདས་པའི་ཉིན་༡༠ ཡི་ནང་ཁ་རས་གྲངས་འབོར་ཤིན་ཏུ་ཆེན་པོ་བཙོང་པ་ཡིན།”ཞེས་བརྗོད་འདུག

བདུན་ཕྲག་སྔོན་མའི་ནང་དྷི་ལིའི་མཁའ་རླུང་འབག་བཙོག་ཁྲོད། གཟུགས་པོར་གནོད་གཞི་ཆེ་བའི་དུག་རྫས་པི་ཨེམ་༢.༥ ཞེས་པ་དེ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་ལས་ལྡབ་༣༠ ཡི་མང་བར་གྱུར་ཡོད་འདུག་པས། དེ་གར་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པ་དང་། གནས་སྡོད་མི་མང་མང་པོ་ཞིག་དྷ་ས་གཙོས་པའི་ཧི་མ་ཅཱལ་གྱི་ས་གནས་ཁག་མང་པོར། མཁའ་རླུང་གཙང་མ་སོགས་ཀྱི་ཆེད་དུ་འགྲོ་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༥༠ ཀློག་གྲངས།