རྒྱ་གར་གྱི་དངུལ་ལོའི་གསར་བརྗེ།

རྒྱ་གར་གྱི་སྲིད་བློན་ནཱ་རན་དྲ་མོ་དྷི་ཡིས་ཕྱི་ཟླ་༡༡ ཚེས་༨ གྱི་མཚན་མོ་རྒྱ་གར་རྒྱལ་ཡོངས་སུ་རྒྱ་གར་གྱི་ཤོག་སྒོར་༡༠༠༠ དང་༥༠༠ གཉིས་སང་ཉིན་ནས་ཁྲོམ་རར་བེད་སྤྱོད་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་པ་རེད། རྒྱ་གར་གཞུང་གིས་དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ལྐོགས་ཟ་རུལ་སུངས་དང་། གཞུང་ལ་ཁྲལ་མ་སྤྲད་པར་སྒེར་གྱི་ནང་དུ་དངུལ་འབོར་ཆེན་ཉར་མཁན་འགོག་ཐབས། དེ་བཞིན་ཤོག་དངུལ་རྫུན་མ་སྔོན་འགོག་སོགས་ཀྱི་ཆེད་དུ་ཡིན་ཚུལ་བརྗོད་འདུག ད་ལན་སྲིད་བློན་གྱིས་དབུ་ཁྲིད་ནས་རྒྱ་གར་གཞུང་གིས་ཐག་གཅོད་བྱེད་སྟངས་དེ་ནི་ཧ་ཅང་བློ་སྤོབས་ལྡན་པ་དང་། དབུ་ཁྲིད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཡོད་པ་གསལ་སྟོན་བྱས་སོང་ལ། ཅིག་བྱས་ན་སྲིད་བློན་མོ་དྷི་ཡིས་ད་ལན་ཧ་ཅང་བློ་སྤོབས་ལྡན་པའི་ཐག་གཅོད་དེས་ཁོང་གི་དམིགས་ཡུལ་ནང་ཡོད་པ་བཞིན་རྒྱ་གར་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཀྱང་ཐེབས་སྲིད་པ་མ་ཟད། ད་ལན་དངུལ་ལོའི་གསར་བརྗེ་འདི་ལ་བརྟེན་ནས་རྒྱ་གར་ནང་འགྱུར་ལྡོག་ཆེན་པོ་ཞིག་ཡོང་རྒྱུའི་རེ་བའང་ཡོད་པ་རེད།

ཐག་གཅོད་འདི་ལ་བརྟེན་ནས་རྒྱ་གར་ནང་གནས་ཚུལ་ཆུང་ཁག་མང་པོ་ཞིག་ཡོང་གི་ཡོད་པ་དང་། ཁ་གཏད་ཀྱི་ཚོགས་པ་གཞན་དག་གིས་ཀྱང་གོ་སྐབས་འདི་བརྒྱུད་ནས་ནོར་འཁྲུལ་བྱས་ཚུལ་སོགས་སྲིད་བློན་མོ་དྷི་དང་ཁོང་གི་གཞུང་ལ་སྐྱོན་བརྗོད་བྱེད་མུས་སུ་གྱུར་ཡོད། འདི་དག་ནི་མང་གཙོའི་སྤྱི་ཚོགས་སྤྱི་དང་། ལྷག་པར་དུ་རྒྱ་གར་ནང་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ཡོད་སྟབས་དེ་ཙམ་གནད་འགག་ཆེན་པོ་མིན་ནའང་། མ་འོངས་པར་འདི་ལ་བརྟེན་ནས་སྲིད་བློན་ཁོང་གི་ཐུགས་རེ་བཞིན་གྲུབ་འབྲས་ཐོན་ངེས་ཡིན་པའི་ངེས་པ་རྙེད་རྒྱུའང་ཅུང་དཀའ་ཙམ་དུ་གྱུར་ཡོད། འབྱོར་ལྡན་དང་ནུས་པ་ཆེན་པོ་ཡོད་མཁན་མང་པོ་ཞིག་གིས་ཤོག་དངུལ་འབོར་ཆེན་ཉར་ནས་བསྡད་ཡོད་མེད་ཐེ་ཚོམ་ཡིན་པ་དང་། གསེར་དང་རིན་པོ་ཆེའི་རིགས་ས་ཁང་སོགས་སུ་བསྒྱུར་ནས་ཉར་སྲོལ་ཡོད་པ་ལས། ཤོག་དངུལ་འབོར་ཆེན་ཉར་མཁན་མང་པོ་ཡོད་རྒྱུ་མ་རེད་ལ། ཨ་སྒོར་སོགས་ཕྱི་རྒྱལ་གྱི་དངུལ་དུ་བརྗེས་ནས་ཉར་ཚགས་བྱེད་པ་དང་། འཇོན་པོ་མང་ཆེ་ཤོས་ཀྱིས་དངུལ་ཕྱི་རྒྱལ་དུ་བཏང་ཟིན་པ་དེ་“པཱ་ན་མཱ་ཡིག་ཆའི་”ནང་གསལ་བ་ལྟ་བུར་གྱུར་ཡོད།

ད་ལན་གྱི་ལས་འགུལ་དེས་ཕྱུག་བདག་ཆེ་ཤོས་དང་འཇོན་ཤོས་ལྐོག་ཟ་རུལ་སུངས་བྱེད་མཁན་ཆེ་ཤོས་དག་ལ་སྟངས་འཛིན་ཆེན་པོ་ཞིག་བྱེད་ཐུབ་རྒྱུ་ཅུང་དཀའ་ནའང་། ཕྱུག་བདག་དང་ལྐོག་ཟ་རུལ་སུངས། ནག་ཚོང་རྒྱག་མཁན་བཅས་འབྲིང་གྲས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་ངེས་རེད། སྤྱི་ཡོངས་ནས་རྒྱ་གར་ནང་ལྐོག་དངུལ་ལེན་རྒྱུའི་གོམས་གཤིས་ནི་དཔོན་རིགས་ཆེ་འབྲིང་ཆུང་གསུམ་ནང་ཡོད་ཅིང་། ཆུང་ས་ནས་ཧིན་སྒོར་༥༠ ཙམ་ནས་ཧིན་སྒོར་བྱེ་བ་མང་པོ་ལེན་མཁན་གྱི་བར་ཆེ་མ་ཆུང་གསུམ་མང་པོ་ཡོད་པ་སོགས་ནི་ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་བཞིན་སྤྱི་ཚོགས་ཁྱོན་ཡོངས་སུ་རྒྱ་ཁྱབ་ཏུ་གྱུར་ཟིན་པའི་ནད་ཡམས་ཤིག་ཡིན་སྟབས། མ་འོངས་པར་གནད་དོན་འདིའི་ཐོག་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་རེ་བའང་ད་ལན་གྱི་ལས་འགུལ་འདི་ལ་ཡོད་ན་ཕན་ཐོགས་ཆེ་ཤོས་སུ་གྱུར་ཡོད། རྒྱ་གར་རྒྱལ་ཁབ་དང་མི་མང་གི་ཆེད་དུ་སྲིད་བློན་མོ་དྷི་ཡི་དངུལ་ལོའི་གསར་བརྗེའི་ལས་འགུལ་བློ་སྤོབས་ཧ་ཅང་ཆེན་པོ་དང་། ཐག་ཆོད་པོའི་ཐོག་ནས་སྤེལ་ཕོད་པ་ནི་ཕྱོགས་གང་ནས་བལྟས་ཀྱང་ཧ་ཅང་གཟི་བརྗིད་ཅན་ཞིག་ཏུ་གྱུར་ཡོད།

སྤྱིར་རྒྱ་གར་མི་མང་གི་ཁྲོད་དུ་སྔར་ནས་ཡོད་པའི་གོམས་པའི་གཤིས་ཀ་དེ་དག་དུས་ཐུང་ནང་སྒྱུར་དཀའ་ནའང་། ད་ལན་གྱི་དངུལ་ལོའི་གསར་བརྗེ་འདི་ལྟ་བུ་ལ་བརྟེན་ནས་བཅོས་བསྒྱུར་ཆེན་པོ་ཞིག་བྱེད་ཐུབ་པའི་རེ་བའང་རྒྱག་ཆོག་པ་དང་། དེ་བཞིན་མ་འོངས་པར་ཁོར་ཡུག་གཙང་སྦྲ་དང་འབྲེལ་བའི་ཐོག་ནས་ཀྱང་ཉེས་ཆད་ཆེན་པོ་གཏོང་རྒྱུའི་ལམ་སྲོལ་ཞིག་ཛ་དྲག་གིས་སྤེལ་ཐུབ་ན་དེ་ལ་བརྟེན་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་པ་རེད། ད་ལན་དངུལ་ལོའི་གསར་བརྗེ་འདིས་རྒྱ་གར་རྒྱལ་ཡོངས་ཚ་ཚ་འུར་འུར་དུ་གྱུར་ཡོད་པ་དང་། དངུལ་ཉུང་དྲགས་པའི་དཀའ་ངལ་དེ་སྔོན་མ་ནས་གསལ་པོ་ཡིན་ཡང་། དངུལ་མང་དྲགས་པའི་དཀའ་ངལ་གང་ཡིན་པ་དེ་ཉིད་ད་ལན་ར་སྤྲོད་གསལ་པོ་ཐེངས་གཅིག་བྱས་པ་རེད། གང་ལྟར་ཡང་རྒྱ་གར་དུ་ཡར་རྒྱས་དང་བཅོས་བསྒྱུར་ཆེན་པོ་ཞིག་བྱེད་དགོས་ན་ཐབས་ལམ་འདི་ལྟ་བུ་མ་བརྒྱུད་པར་མི་མང་ལ་ཤུགས་རྐྱེན་ཐེབས་རྒྱུ་དཀའ་ངལ་གྱི་རང་བཞིན་དུ་གྱུར་ཡོད། དེར་བརྟེན་ད་ལན་སྲིད་བློན་མོ་དྷི་ཡིས་ཐག་གཅོད་འདིས་མི་མང་གི་བསམ་བློ་ལ་སྒུལ་སྐྱོད་ཆེན་པོ་བཏང་ཡོད་པ་རེད།

མདོར་ན་སྐབས་འདིར་རྒྱ་གར་གྱི་དངུལ་ལོའི་གསར་བརྗེ་འདི་བརྒྱུད་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུའང་ཤུགས་རྐྱེན་རྩ་བའི་ཆ་ནས་རྒྱ་གར་གྱི་སྤྱི་ཚོགས་དང་སྤྱི་མཚུངས་སུ་འཕྲད་ཡོད་པ་དང་། ལྷག་པར་དུ་བཙན་བྱོལ་བོད་པའི་འཚོ་རྟེན་གཙོ་བོ་རུ་གྱུར་པའི་དགུན་ཚོང་ལ་ངན་ཕྱོགས་ནས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་བཞིན་ཡོད། དེ་བཞིན་ཕྱི་ཟླ་དང་པོའི་ནང་འཚོག་རྒྱུའི་དུས་འཁོར་དབང་ཆེན་ལའང་མི་མང་འདུ་འཛོམས་ཐུབ་མིན་དང་། འགྲོ་སོང་གཏོང་རྒྱུའི་དངུལ་སྒོར་ལག་སོན་ཐུབ་མིན་སོགས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཞིག་འགྲོ་ངེས་པ་རེད། འདི་དག་ནི་དུས་ཐུང་དང་མིག་མདུན་གྱི་གནས་ཚུལ་ཞིག་ཡིན་པ་ལས། ཕུགས་རྒྱང་རིང་པོའི་ཐོག་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཤུགས་རྐྱེན་སྡུག་ཅག་ཐེབས་འགྲོ་བ་དེ་འདྲ་ཞིག་གཏན་ནས་མིན་པར། ཡར་རྒྱས་གཏོང་དགོས་པའི་དྲན་སྐུལ་ཞིག་ཏུ་གྱུར་ཡོད། སྲིད་བློན་མོ་དྷི་ཡི་ཐག་གཅོད་འདི་ནི་ཡག་ན་རྒྱལ་ཁབ་ཡར་རྒྱས་འགྲོ་བ་དང་། ཉེས་ན་ཁོང་དང་ཁོང་གི་ཚོགས་པ་མ་འོངས་པར་ཕམ་ཉེས་སུ་འགྱུར་སྲིད་ཀྱང་སྤོབས་པ་དང་བློས་གཏོང་ཧ་ཅང་ཆེན་པོ་བྱས་ཡོད།།

Share this:
༡༧༨ ཀློག་གྲངས།