ཧོང་ཀོང་གྲོས་ཚོགས་འཐུས་མི་གཉིས་གནས་དབྱུང་།

ཧོང་ཀོང་མཐོ་རིམ་ཁྲིམས་ཁང་གིས་ཧོང་ཀོང་གི་རང་བཙན་དོན་གཉེར་བ་གཉིས་གྲོས་ཚོགས་འཐུས་མིའི་ལས་གནས་ནས་གནས་དབྱུང་གཏོང་རྒྱུའི་ཐག་གཅོད་བྱས་འདུག་པ་དང་། འཐུས་མི་དེ་གཉིས་ཀྱིས་མུ་མཐུད་ནས་ཐག་གཅོད་དེར་འཐབ་རྩོད་དང་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུགས་བྱེད་རྒྱུའི་བསམ་བློ་ཡོད་སྐོར་བརྗོད་འདུག

ཧོང་ཀོང་མཐོ་རིམ་ཁྲིམས་ཁང་གིས་ཧོང་ཀོང་གི་རང་བཙན་དོན་གཉེར་བ་གཉིས་གྲོས་ཚོགས་འཐུས་མིའི་ལས་གནས་ནས་གནས་དབྱུང་གཏོང་རྒྱུའི་ཐག་གཅོད་བྱས་འདུག་པ་དང་། འཐུས་མི་དེ་གཉིས་ཀྱིས་མུ་མཐུད་ནས་ཐག་གཅོད་དེར་འཐབ་རྩོད་དང་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུགས་བྱེད་རྒྱུའི་བསམ་བློ་ཡོད་སྐོར་བརྗོད་འདུག

དེ་ཡང་ཟླ་༡༠ པའི་ཚེས་༡༢ ཉིན་ཧོང་ཀོང་གྲོས་ཚོགས་འཐུས་མིའི་དམ་འབུལ་མཛད་སྒོ་འཚོགས་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་ཡོའུ་ཝེ་ཆིན་དང་བྷ་ཇེའུ་ལིང་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད། དམ་འབུལ་གྱི་ཚིག་བཅོས་བསྒྱུར་བྱས་ནས་སྒྲོགས་སྦྱང་བྱས་པས། དམ་འབུལ་རྩིས་མེད་བཏང་ཡོད་པ་རེད། རྗེས་སུ་དམ་འབུལ་བསྐྱར་དུ་བྱས་ཡོད་ཀྱང་། རྒྱ་ནག་ཕྱོགས་གཏོགས་གྲོས་ཚོགས་འཐུས་མི་ཁག་གིས་དེ་ལ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་བསྟན་པ་དང་། ཧོང་ཀོང་གི་སྤྱི་ཁྱབ་དཔོན་པོས་གནས་ཚུལ་དེ་ཁྲིམས་ཁང་ལ་བསྐྱལ་ཡོད་པ་རེད།

ཁྲིམས་ཁང་གིས་གནད་དོན་དེར་ཐག་གཅོད་མ་བྱས་པའི་སྔོན་དུ། ཟླ་༡༡ པའི་ཚེས་༧ ཉིན་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཀྱིས་སྤྱི་མོས་ཐོག་ནས་ཧོང་ཀོང་གི་རྩ་ཁྲིམས་ཀྱི་གཞི་རྩའི་ཁྲིམས་དོན་ཚན་༡༠༤ ཡི་དོན་འགྲེལ་གཏན་ལ་ཕབ་པ་དང་། དེ་ཡང་ཁྲིམས་དེའི་ནང་གྲོས་ཚོགས་འཐུས་མི་དང་ཁྲིམས་དཔོན།སྤྱི་ཁྱབ་མི་སྣ། དེ་བཞིན་མཐོ་རིམ་དཔོན་པོ་སོགས་ཀྱིས་ཁྲིམས་དང་མཐུན་པའི་ཐོག་ནས། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་འཛིན་སྐྱོང་མངའ་ཁུལ་ཧོང་ཀོང་ལ་ལར་ཞེན་བྱེད་རྒྱུའི་དམ་བཅའ་འཇོག་དགོས་ཞེས་པ་དེ་ལས། ཁྲིམས་དང་མཐུན་པ་ཞེས་པ་དེའི་དོན་འགྲེལ་གཏན་ལ་ཕབ་འདུག་པ་དང་། དོན་འགྲེལ་ལ་གཞིགས་ན་ སྤྱི་པའི་ལས་གནས་ལ་ཞུགས་པར་དམ་འབུལ་བྱེད་རྒྱུ་དེ་ནི་ཁྲིམས་ཐོག་ནས་དགོས་ངེས་ཀྱི་བརྒྱུད་རིམ་ཞིག་ཡིན་པ་དང་།རྩ་ཁྲིམས་དགོངས་དོན་ལྟར་དམ་འབུལ་གྱི་ནང་དོན་སོགས་ཀྱི་ཚིག་རྣམས་ཆ་ཚང་བ་དང་། ཇི་མ་ཇི་བཞིན། ཚུལ་དང་ལྡན་པའི་ཐོག་ནས་ཀློག་དགོས་ཞེས་དང་། དེ་བཞིན་དམ་འབུལ་བ་ཚོས་དམ་བཅའ་འབུལ་བར་འདོད་མོས་མ་བྱས་ཚེ། དེ་དག་གིས་སླར་ཡང་དམ་འབུལ་བྱེད་མི་ཆོག་པ་དང་སྤྱི་པའི་ལས་གནས་ལ་ཞུགས་མི་ཆོག་ཅེས་བཀོད་ཡོད་པ་དང་། དམ་འབུལ་ལ་འདོད་མོས་མ་བྱས་པ་ཟེར་བ་དེ་ནི་ཆེད་དུ་མངགས་ནས་བཅོས་བསྒྱུར་བྱས་པའི་དམ་འབུལ་གྱི་ཚིག་ཀློག་པའམ་དམ་འབུལ་ཚུལ་དང་མ་ལྡན་པའི་ཐོག་ནས་ཀློག་པ་ལ་གོ་ཡི་ཡོད་འདུག རྒྱ་ནག་གཞུང་གིས་དོན་འགྲེལ་དེ་དང་བསྟུན་ན་གྲོས་ཚོགས་འཐུས་མི་གཉིས་པོ་གནས་དབྱུང་གཏོང་དགོས་པ་གསལ་སྟོན་བྱས་ཡོད་པ་རེད། སྐབས་དེར་དོན་འགྲེལ་དེར་ཧོང་ཀོང་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད་འདུག

ཟླ་འདིའི་ཚེས་༡༥ ཉིན་ཧོང་ཀོང་ཁྲིམས་ཁང་གི་ཐག་གཅོད་དེ་དང་བསྟུན་ནས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཅིག་གིས། ཐག་གཅོད་དེར་དགའ་བསུ་བྱེད་འོས་པ་དང་། དེས་ཧོང་ཀོང་གི་རང་བཙན་བརྩད་ན་མཇུག་འབྲས་གང་ཡོང་རྒྱུ་ཡིན་པ་གསལ་པོ་ཆགས་ཡོད་སྐོར་སོགས་ཀྱི་རྩོམ་བྲིས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༨༧ ཀློག་གྲངས།