དམངས་གཞས་ལས་འཕྲོས་པ། སྤྲིན་དཀར་ལམ་རྙིང་།

དམངས་གཞས་ལས་འཕྲོས་པ།

རྣམ་སྤེལ་ཚང་བློ་བཟང་སྦྱིན་པས་བྲིས་པ་དང་བོད་ཀྱི་དཔེ་མཛོད་ཁང་གིས་སྣ་ཚོགས་དེབ་ཕྲེང་བཅུ་གཅིག་པའི་ངོ་བོར་དཔར་སྐྲུན་བྱས་ཡོད་པ་དང་། དེབ་དེ་ནི་རང་ཡུལ་བོད་དུ་དུས་འགྱུར་མ་བྱུང་གོང་། ཡུལ་ལུང་སོ་སོར་ཕ་མེས་དུས་ནས་དར་བའི་ལོ་རྒྱུས་དང་འབྲེལ་བའི་གཞས་ཚིག་འདྲ་མིན་ཡོད་པ་ནས། འདིར་བོད་འབངས་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་དང་། སྐུ་ཞིང་ལ་ཕེབས་རྗེས་རྒྱལ་ཚབ་རྭ་སྟག་རྣམ་གཉིས་ཀྱིས་ཆབ་སྲིད་ཐུགས་འགན་བཞེས་རིང་བྱུང་བའི་དམངས་གཞས་ཁག་གཅིག་བཀོད་ཡོད་པ་དེ་དག་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་ཆུ་ལེན་བུད་མེད་ལ་དཔལ་ལྷ་མོས་བསྐུལ་བར་གྲགས་པ་དང་། རེ་འགའ་དངོས་བྱུང་གི་གནས་ཚུལ་དང་འབྲེལ་བ་ཡོད་པ། ལ་ལ་འཕྱ་སྨོད་དང་ཟུར་ཟ། ཡང་འགའ་ཤས་ཕན་ཚུན་དགའ་མི་དགའི་གནས་ཚུལ་གྱི་ཐོག་ནས་བྱུང་བ་བཅས་ཀྱི་སྐོར་ཡིན་ནོ།།

སྤྲིན་དཀར་ལམ་རྙིང་།

སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་ཐར་པར་སྤྲིན་དཀར་ལམ་རྙིང་ཞེས་པ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་རྣམ་ཐར་དེབ་ཕྲེང་གསུམ་གྱི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། དེ་གནས་བརྟན་ཐིག་ནཏ་ཧཱན་གྱིས་བརྩམས་ཤིང་ངེས་དོན་རྒྱ་མཚོས་བསྒྱུར། དེ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་ཐུན་མོང་གི་མཛད་རྣམ་ཤིན་ཏུ་གྲགས་ཆེ་བ་ཞིག་སྟེ། རྩོམ་པ་པོས་པཱ་ལི་དང་ལེགས་སྦྱར། རྒྱ་ནག་སྐད་བཅས་སུ་བཞུགས་པའི་འབྱུང་ཁུངས་ཡིག་ཆ་ཉེར་བཞི་ལ་གཞི་བཅོལ་ནས་བཅོམ་ལྡན་འདས་ཀྱི་སྐུ་ཚེའི་རྣམ་ཐར་སྤྱི་དང་། བྱེ་བྲག་གསུང་གི་མཛད་པ་རྩལ་དུ་བཏོན་པ་ཞིག་ཡིན་པ་རེད།།

Share this:
༢༧༧ ཀློག་གྲངས།