རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་རིམ་གྱི་མཇུག་བསྡོམས་མཛད་སྒོ།

ང་ཚོ་སོ་སོའི་རྒྱལ་ཁབ་བྲལ་ཏེ་བཙན་བྱོལ་བ་ཆགས་ཡོད་པ་དེ་སེམས་སྐྱོ་དགོས་པ་ཡིན་ནའང༌། ཕྱོགས་གཞན་ཞིག་ནས་ང་ཚོར་གོ་སྐབས་བཟང་པོ་ཞིག་ཐོབ་ཡོད་པ་དེ་དག་ནི་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་རེད། དེ་ཡང་འཆར་གཞི་དེ་དག་ཕྱི་ལོ་༡༩༦༠ འགོ་སྟོད་ནས་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་དང་རྒྱ་གར་གཞུང་ནས་འགྲོ་སོང་བཏང་སྟེ་བོད་མིའི་གཞིས་ཆགས་དང་བོད་གཞུང་སློབ་གྲྭ་ཟུར་དུ་བཙུགས་པའི་བཀའ་དྲིན་ཡིན། དེར་བརྟེན་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ནི་ང་ཚོའི་ལས་འགན་ཞིག་ཀྱང་ཆགས་ཡོད་ཅེས་དང།
དེ་བཞིན་༸གོང་ས་མཆིག་གིས་བོད་ཀྱི་ཤེས་རིག་གི་གཞི་རྩ་ཀ་མད་སུམ་ཅུའི་ཡི་གེ་དེ་ཡང་རྒྱ་གར་ནས་དཔེ་བླངས་པ་ཞིག་ཡིན་སྐོར་དང། ལོ་ངོ་ལྔ་བཅུ་ལྷག་མགོན་པོ་གང་ཉིད་རྒྱ་གར་ནང་བཙན་བྱོལ་དུ་བཞུགས་རིང་དེང་དུས་ཀྱི་ཚན་རིག་དང་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་གང་ཅིའི་ཐོག་མཐོང་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་ཡོད་པ་དེ་ནི་རང་དབང་ཅན་གྱི་མང་གཙོའི་རྒྱལ་ཁབ་འདིའི་བཀའ་དྲིན་ཡིན་སྐོར་བཀའ་གནང་འདུག
མཛད་སྒོར་དེར་མི་གྲངས་༡༠༠༠ ལྷག་འདུ་འཛོམས་བྱུང་བའི་ཁོངས་སུ་བོད་རིགས་གཞོན་སྐྱེས་མང་པོ་་ཡོད་པ་རྣམས་ལ་ྋགོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། ང་ཚོར་ཕ་མེས་ནས་བརྒྱུད་དྲང་བདེན་དང་ཕྱི་གསལ་ནང་གསལ་བྱེད་རྒྱུའི་བཟང་པོའི་རིན་ཐང་ཞིག་ཡོད་པ་དེ་སྣང་མེད་དུ་མ་བཞག་པར་མི་ཉམས་རྒྱུན་འཛིན་བྱེད་དགོས། ངོས་ཀྱིས་གོ་ཐོས་ལ་བོད་དུ་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་མཁན་ཚོས་བོད་མི་རྣམས་རྩ་བའི་རྒྱ་ནག་གི་བཙན་གནོན་འོག་གནས་ཡོད་ཀྱང་ཕྱིའི་རྣམ་འགྱུར་དང་གཤིས་ཀ་ཡག་པོ་འདུག རྒྱ་གཞུང་གི་དཔོན་རིགས་དེ་དག་དབང་འཛིན་པ་ཡིན་རུང་རྣམ་འགྱུར་རྩུབ་པ་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་འདུག དེར་བརྟེན་བོད་མིའི་རྣམ་འགྱུར་ཡག་པ་དེར་མི་ཚང་མས་དགའ་མོས་ཆེ་བ་བྱེད་ཀྱི་ཡོད། མ་གཞི་ང་ཚོ་གནས་སྟངས་ཁག་པོ་ཞིག་གི་འོག་འཛམ་གླིང་གི་ས་ཕྱོགས་གང་སར་གནས་ཡོད་རུང༌། སོ་སོའི་གཟུགས་པོའི་ནང་རྒྱུ་བཞིན་པའི་ཟུངས་ཁྲག་དེ་བོད་པའི་ཁྲག་ཅིག་ཡིན་ཕྱིན་ཆད། བོད་མིའི་ཐུན་མིན་སྲོལ་རྒྱུན་གྱི་རིན་ཐང་དམ་འཛིན་བྱས་པའི་ཐོག དེང་དུས་ཤེས་ཡོན་ལ་སློབ་སྦྱོང་བྱེད་དགོས། དེ་ལྟར་བྱས་ན་བོད་མི་ཆ་ཚང་བ་ཞིག་དང༌། གལ་ཏེ་བཟང་པོའི་ཡོན་ཏན་དེ་མེད་ཚེ་བོད་པ་ཕྱེད་ཀ་ལྟ་བུ་ཞིག་ཆགས་ཀྱི་རེད་ཅེས་སོགས་བཀའ་སློབ་གནང་ཡོད་པ་རེད།
དེ་བཞིན་ཆོས་ལུགས་སོ་སོའི་སྐུ་ཚབ་རྣམས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་ལ་ཡི་རང་བསྔགས་བརྗོད་ཞུས་ཡོད་པ་མ་ཟད། བོད་དོན་བདེན་མཐའ་མྱུར་ནས་མྱུར་དུ་གསལ་བའི་ཆེད་རང་རང་གི་ལྷ་བླ་མ་དཀོན་མཆོག་སོགས་ལ་ཐུགས་སྨོན་རྒྱ་ཆེན་པོ་གནང་ཡོད་འདུག །

Share this:
༥༨ ཀློག་གྲངས།