‘’སློབ་མ་དབུས་གཞག་’’གཙོ་འདོན་གནང་དགོས།

བེ་རི་རྒྱལ་སྲས།

ཉིན་ཤས་སྔོན་ཁོ་བོས་<<བོད་ཡིག་དགེ་རྒན་ཚོ། གསུང་ཆོས་མ་གནང་རོགས།>> ཞེས་པའི་རྩོམ་ཡིག་ཅིག་སྤེལ་རྗེས་བོད་དགེ་མི་ཉུང་བ་ཞིག་གིས་དགོངས་འཆར་འདྲ་མིན་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་། དེར་བརྟེན་དེ་རིང་ཡང་ཁོ་བོས་རང་རེའི་དགེ་རྒན་ཁ་ཤས་ཀྱི་སློབ་འཁྲིད་གནང་ཕྱོགས་ཀྱི་ཐད་གོ་སྐོན་ར་སྤྲོད་ཀྱི་ཚུལ་དུ་གནད་དོན་གཅིག་གི་ཐོག་ཚིག་ཁ་ཤས་ཞུ་རྒྱུ་ཡིན།

“མ་རིག་མུན་པ་སེལ་བའི་དགེ་རྒན་”ཞེས་བརྗོད་པ་ལྟར་དགེ་རྒན་གྱི་འོས་འགན་གཙོ་བོ་ནི་སློབ་མའི་ཤེས་རིག་གི་སྣང་བ་རྒྱས་པར་བྱེད་རྒྱུ་དེ་རང་ཡིན་ཞིང་། དེའི་ཆེད་དུ་དགེ་རྒན་གྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབད་དགོས་པ་ནི་སྨྲོས་མ་དགོས་ལ། དགེ་རྒན་ཚང་མས་ལེགས་ཉེས་གང་ཡིན་ལ་མ་ལྟོས་པར་ཐབས་ལམ་རེ་བཙལ་ནས་འགྲོ་བཞིན་མཆིས་མོད། འོན་ཀྱང་། རང་རེའི་བོད་དགེ་རྣམས་ལྷག་བསམ་ཆེ་དྲགས་པའམ། སློབ་མ་ལ་བརྩེ་བ་ཟབ་དྲགས་པའི་དབང་གིས་སློབ་མ་རྣམས་ཙོག་པུར་བཞུགས་སུ་གསོལ་ནས་ཐམས་ཅད་ཀྱིས་རང་ཉིད་ཀྱི་ཕྲག་ཏུ་ཁུར་ཅིང་། འཛིན་ལས་ཡོད་ཚད་རང་ཉིད་ཀྱིས་བྱས་པའི་ཉེར་འབྲས་སུ། རང་རེའི་སློབ་མ་རྣམས་སོ་སོས་ལེགས་ཉེས་འབྱེད་པའི་མིག་དང་བྲལ་བ་དང་། སོ་སོས་གཏོང་ཡིག་ཙམ་ཡང་འབྲི་མི་ཐུབ་པའི་ལག་རྡུམ་འདི་དག་སྐྱེད་སྲིང་བྱུང་བ་རེད།

འདས་ཟིན་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ཤིང་། གཡས་གཡོན་གྱི་རྒྱལ་ཁབ་སོ་སོའི་སློབ་འཁྲིད་ཐབས་ལམ་ལ་ཞིབ་མིག་ཉུལ་རེ་བྱས་ན། ད་གཟོད་ང་ཚོས་གང་ཞིག་ནས་ནོར་སོང་བ་དང་། ཅི་ཞིག་ཚང་མེད་པའི་ཚོར་བ་དང་ངེས་ཤེས་རྣལ་མ་རེ་སེམས་ཁོང་དུ་ངང་གིས་འཛུལ་འོང། དེ་དག་ལས་རང་རེས་”སློབ་མ་དབུས་གཞག་”མ་གནང་བ་དེ་ནི་ནོར་འཁྲུལ་ཆེ་ཤོས་ཤིག་ཡིན་ལ། ནོར་འཁྲུལ་ལ་ནོར་འཁྲུལ་དུ་ཤེས་ནས་འགྱུར་བཅོས་གཏོང་འདོད་མཁན་ཡང་ཉུང་ཤས་ལས་མེད་པ་ནི་ཡིད་མུག་དགོས་པའི་གནས་སུ་མཐོང་། འོན་ཀྱང་ད་ཆ་གསར་དུ་འབུས་པའི་དགེ་རྒན་གཞོན་སྐྱེས་རྣམ་པ་ལམ་ནོར་དེར་མི་འགྲོ་བའི་ཆེད་དུ་གནད་དོན་རེ་གཉིས་ཞུས་ན།

སྤྱིར་གཞི་རིམ་བོད་ཀྱི་ཤེས་ཡོན་སྲིད་ཇུས་དོན་ཚན་དྲུག་པ་ཤེས་ཡོན་གྱི་ལམ་སྲོལ་ཞེས་པའི་ནང་། ‘’༦།༢ ཤེས་ཡོན་སློབ་སྤེལ་གྱི་ལས་དོན་ནང་དགེ་རྒན་ལས་གལ་གནད་ཆེ་བ་ཞིག་མེད་གཤིས། དགེ་རྒན་དབུས་སུ་བཞག་པའི་ཤེས་ཡོན་གྱི་ལམ་སྲོལ་དེ་གཟུང་རྒྱུ།  ༦།༣ འོན་ཀྱང་དགེ་རྒན་གྱིས་སློབ་ཕྲུག་ལ་དངོས་སུ་སློབ་སྟོན་བྱེད་སྐབས་སློབ་ཕྲུག་དབུས་སུ་བཞག་པའི་ཐབས་ཚུལ་འཛིན་དགོས།’’ ཞེས་འཁོད་དོན་ལྟར། འཛིན་གྲྭའི་ནང་སློབ་འཁྲིད་སྐབས་”སློབ་མ་དབུས་གཞག་་”གི་ཐབས་ལམ་འཛིན་གལ་ཤིན་ཏུ་ཆེ་བར་གསུངས་ཡོད།

དེ་ཡང་། སྐད་ཡིག་སློབ་འཁྲིད་ལྟ་བུ་ཞིག་ལ་མཚོན་ན་འཛིན་གྲྭ་ནི་དགེ་རྒན་རྣམ་པའི་འཆད་རྩལ་ངོམ་ས་མ་རེད་ལ། འབྲི་རྩལ་སྦྱོང་ས་ཡང་མ་རེད། འཛིན་གྲྭ་ནི་ཁྱོད་ཀྱི་མདུན་དུ་ཡོད་པའི་དྭངས་གཙང་ལྷད་མེད་ཀྱི་སློབ་མ་རྣམས་ཀྱི་ཀློག་རྩལ་དང་འབྲི་རྩལ། འཆད་རྩལ་དང་ཉན་རྩལ་ཡར་རྒྱས་གཏོང་ས་ཡིན་པས་ཁྱོད་ཁོ་ནས་བཀླགས་ན་སློབ་མས་ཀློག་སྟངས་ཇི་ལྟར་ཤེས། ཁྱོད་ཁོ་ནས་བཤད་ན་སློབ་མས་འཆད་རྩལ་ཇི་ལྟར་ཤེས་ནུས། དེས་ན། དགེ་རྒན་གྱི་ལམ་སྟོན་འོག་ཀློག་འབྲི་འཆད་ཉན་བཞི་པོ་སློབ་མ་རང་ལ་བྱེད་དུ་བཅུག་ན་རིང་པོ་མི་ཐོགས་པར་སློབ་མའི་སྐད་ཡིག་གི་གནས་ཚད་གོང་མཐོར་མི་འགྲོ་བའི་གནས་མེད་ཅེས་ཁོ་བོས་ཉམས་མྱོང་མི་དམན་པ་ཞིག་གི་ཐོག་ནས་སྐད་གསང་མཐོན་པོས་སྒྲོག་ཆོག

དགེ་རྒན་མང་པོ་ཞིག་གིས་ཚོགས་ཐེངས་གང་པོར་རང་ཉིད་ཀྱིས་བཤད་ན་སློབ་འཁྲིད་ལེགས་པོ་ཞིག་ཡིན་སྣང་དང་། ཞེ་བློ་ཡོངས་སུ་འཚིམ་པའི་ཚོར་བ་ཞིག་འབྱུང་བཞིན་ཡོད་ཀྱང་ལོ་དང་ཟླ་བ་ཕྱིན་རྗེས་རང་ཉིད་ཀྱི་སློབ་མའི་གནས་ཚད་ཡར་རྒྱས་གང་ཡང་ཕྱིན་མེད་དུས་རང་ཉིད་ཀྱིས་ནུས་ཤུགས་ཇི་ཙམ་འདོན་ཡང་ཕན་ཐོགས་མི་འདུག་སྙམ་ནས། སེམས་ཤུགས་ཡོངས་སུ་ཆགས་པའི་གནས་སྟངས་འདི་རྒྱུན་དུ་ཡོང་བཞིན་ཡོད།  དེ་ནི་རང་ཉིད་ཀྱིས་སློབ་འཁྲིད་ཐབས་ལམ་མི་ཤེས་པས་ནོངས་པ་ལས་ལྷག་བསམ་དང་ཁོར་ཡུག་གིས་གནོད་སོང་བ་ཞིག་གཏན་ནས་མ་རེད་སྙམ།

མདོར་ན། རང་ཉིད་ཀྱི་སློབ་མས་བསླབ་གཞི་ལེགས་པོར་ཤེས་སུ་འཇུག་འདོད་ན། འཛིན་གྲྭར་མ་ཡོང་གོང་སློབ་མ་ལ་གཏང་རྒྱུའི་དྲི་བ་ཁག་གི་གོ་རིམ། སློབ་མ་ལ་འཛིན་ལས་དང་ནང་ལས་ཅི་འདྲ་ཞིག་སྐུལ་རྒྱུ་སོགས་ཀྱི་སློབ་ཚན་འཆར་འགོད་ལེགས་པོར་བྲིས་ནས་ཕེབས་དགོས་པ་ནི་ཐོག་མའི་གལ་གནད་ཅིག་ཡིན། དངོས་གཞི་འཛིན་གྲྭའི་ནང་དགེ་རྒན་གྱིས་ལམ་སྟོན་འཐུས་ཚང་ཞིག་གནང་རྗེས་དགེ་རྒན་གྱི་སྐད་ཆ་ལ་རང་ཉིད་ཀྱིས་སྟངས་འཛིན་གནང་དགོས་ལ། སློབ་མ་རེ་རེའམ་ཆ་བགོས་ཀྱིས་ཀློག་འབྲི་བྱེད་དུ་འཇུག་དགོས། དགེ་རྒན་རང་ཉིད་འཛིན་གྲྭ་སྐོར་ར་ཕེབས་ནས་རྟོག་ཞིབ་བྱེད་པ་ལས་དྲི་བ་དེའི་ལན་བརྗོད་མི་ཉན། དྲི་བ་ཁག་གི་ལན་སློབ་མ་རང་ཉིད་ཀྱིས་རྙེད་དུ་བཅུག་ན་དེ་ནི་ཐོས་པ་ཙམ་མིན་པར་ངེས་ཤེས་འདྲོངས་ནུས་སུ་འགྱུར་བས་སློབ་འཁྲིད་དེ་ནི་ཆེས་ལེགས་ཤོས་སུ་མཐོང་།

དེས་ན། འཛིན་གྲྭའི་ནང་སློབ་ཐུན་སྐར་མ་ ༥༠ ཡོད་ན་དགེ་རྒན་རང་ཉིད་ནས་སྐར་མ་༡༠-༡༥ལས་ལྷག་མི་བཤད་པར་དུས་ཚོད་བྱིངས་རྣམས་སློབ་མ་རང་ལ་བྱེད་དུ་འཇུག་དགོས་པའི་གནད་ཀ་འདི་ཙམ་ཞིག་ཐུགས་ལ་འཛིན་གལ་ཆེ་ཞིང་། སློབ་མ་རང་ལ་’’འབྲི་ཀློག་འཆད་ཉན་’’བྱེད་དུ་བཅུག་ན་ཉིན་ཤས་དང་བདུན་ཤས་རིང་གྲུབ་འབྲས་མི་འཐོན་པ་ཡོང་སྲིད་ཀྱང་ཟླ་བ་ཁ་ཤས་རྗེས་སློབ་མའི་གནས་ཚད་ནི་རིམ་བཞིན་མཐོ་རུ་འགྲོ་ངེས་ཡིན་པས་སྐབས་དེ་དུས་ཁྱེད་ཉིད་ལ་ཞེ་བློ་ཡོངས་སུ་འཚིམ་པའི་བདེ་བ་ཞིག་འཐོབ་ངེས་ཡིན་ལ། དེ་ནི་ཁྱོད་ཉིད་ཀྱི་བདེ་བའི་ཚོར་བ་ཙམ་མིན་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་རེད།

སློབ་འཁྲིད་ཅིག་ལ་མཚོན་ན་དངོས་གཞིའི་སློབ་འཁྲིད་ལས་སྔོན་གྱི་གྲ་སྒྲིག་དང་མཇུག་གི་ཞུ་དག་གལ་ཆེ་བས་ཉིན་ལྟར་ཞུ་དག་གནང་མ་ཐུབ་ཀྱང་། བདུན་ཕྲག་རེར་སློབ་མའི་འབྲི་དེབ་ལ་ཞུ་དག་ངེས་པར་གནང་དགོས་ཤིང་། དེ་ལ་ཚད་རན་པོས་ནོར་བཅོས་གནང་དགོས། ནོར་ཚད་ལ་དམར་རྟགས་རྒྱག་ན་སློབ་མའི་སེམས་ཤུགས་ཆགས་སྲིད་ལ། གང་ལའང་ནོར་བཅོས་མི་བྱེད་པར་འགྲིག་རྟགས་རྒྱག་རྐྱང་གནང་ནའང་སློབ་མའི་ཡར་རྒྱས་ལ་གང་ཡང་མི་ཕན་པས་མཐའ་གཉིས་སུ་མ་ལྷུང་བ་ཞིག་གནང་གལ་ཆེ། སློབ་མའི་འབྲི་དེབ་ཞུ་དག་གནང་བ་ལ་བརྟེན་ནས་དགེ་རྒན་རང་ཉིད་ཀྱིས་བསླབས་པ་རྣམས་ཤེས་ཡོད་མེད་གསལ་པོར་ཤེས་ཐུབ་ལ། རྗེས་མའི་བསླབ་གཞི་གང་ཞིག་དང་ཇི་ལྟར་འཁྲིད་དགོས་མིན་གྱི་འཆར་འགོད་ལ་ཤིན་ཏུ་ཕན། འབྲི་དེབ་ལ་ཞུ་དག་མ་བྱས་ཚེ་སློབ་མའི་གནས་ཚད་དང་རྗེས་མའི་བསླབ་གཞི་འཆར་འགོད་བྱེད་ཚུལ་མི་ཤེས་པས་ཁྱེད་ཀྱིས་གང་བསླབས་པ་ཐམས་ཅད་ཆུ་ནང་དུ་རྡོ་བ་འཕངས་པ་དང་གཅིག་མཚུངས་སུ་འགྱུར་སྲིད། མཐར་ཉིན་རེར་རང་ཉིད་ཀྱི་སློབ་འཁྲིད་ཉམས་མྱོང་དང་། དཀའ་ངལ་གང་དང་འཕྲད་པ། དེའི་ཐབས་ལམ་ཅི་ཞིག་རྙེད་པ་སོགས་ཀྱི་”དགེ་རྒན་གྱི་ཉིན་ཐོ་”teacher’s diary རུ་ངེས་པར་འབྲི་དགོས།

དེས་ན། Child centered approach སློབ་མ་དབུས་གཞག་གི་ཐབས་ལམ་འདི་ཤིན་ཏུ་གལ་ཆེ་བས་རང་རེའི་བོད་དགེ་རྣམ་པ་ཀུན་གྱིས་ཐབས་ལམ་འདི་ཉིད་བཀོལ་ནས་སློབ་འཁྲིད་གནང་ན་འབྲས་བུ་གཡུར་དུ་ཟ་བ་ཞིག་འབྱུང་ངེས་ཡིན་པས། ད་ནས་བཟུང་འཛིན་གྲྭའི་ནང་དགེ་རྒན་རང་ཉིད་ཁོ་ནས་མ་བཤད་པར་སློབ་མ་རང་ལ་ཀློག་ཏུ་འཇུག་རོགས། འབྲི་རུ་འཇུག་རོགས། འཆད་དུ་འཇུག་རོགས། ཞེས་ཚོར་བ་དྲག་པོས་གཞེན་སྐུལ་ཞུ་རྒྱུ་དང་། སླད་མར་སློབ་འཁྲིད་ཐབས་ལམ་ཐོག་བསམ་ཚུལ་ཁ་ཤས་འདོན་ངེས་ཡིན་པས་ཁྱེད་རྣམ་པའི་དགོངས་འཆར་དང་བཀའ་སློབ་ལམ་སྟོན་ནི་ཁོ་བོས་ངང་སྒུག་བྱ་ས་དེ་རང་ཡིན།         ༢༠༡༦། ཟླ་བ། ༡༡། ཚེས། ༢༥ ཉིན།

Share this:
༨༥ ཀློག་གྲངས།