ཨེ་ཛི་ནད་པས་འཛེམས་ཟོན་བྱས་ཏེ་གྲངས་ཐོ་གསལ་པོ་མེད་པ་རེད།

རྒྱ་གར་ནང་གནས་སྡོད་བྱེད་མཁན་གྱི་བོད་པའི་ཁྲོད་ནས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནང་ཐོ་འགོད་ཀྱིས་སྨན་བཅོས་བྱེད་བཞིན་ཡོད་པའི་ཨེ་ཛིའི་ནད་པ་༡༢༠ ནས་༡༣༠ ཙམ་ཡོད་འདུག

15271487_281898118878917_461517582_oཟླ་འདིའི་ཕྱི་ཚེས་༡ ཉིན་དྷ་ས་མེག་གྷན་ཁྲོམ་དཀྱིལ་དུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་། དྷ་ས་ཀུན་ཕན་ལས་ཁང་གཉིས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་ཨེ་ཛིའི་(AIDS)ཉིན་མོ་སྲུང་བརྩི་བྱས་སོང་། སྐབས་དེར་བོད་པ་དང་རྒྱ་གར་བ་སོགས་མི་གྲངས་བརྒྱ་ཕྲག་ལས་བརྒལ་བ་མཉམ་ཞུགས་བྱས་པ་དང་། ལས་འགུལ་བ་ཁག་ཅིག་གིས་རྔ་རོལ་ཤུགས་དྲག་དང་བཅས་སྲུང་ཤུབས་བེད་སྤྱོད་བྱ་དགོས་སྐོར་སོགས་ཀྱི་འབོད་སྒྲ་བསྒྲགས་ནས་མེག་གྷན་གྱི་ཁྲོམ་གཞུང་དུ་བསྐོར་བསྐྱོད་བྱས་སོང་།

དེ་མཚུངས་མཚོ་པདྨ་སོགས་བོད་པ་བཙན་བྱོལ་བའི་གནས་སྡོད་ཁག་གང་ས་ནས་ཨེ་ཛིའི་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད་འདུག་ལ། བོད་ནང་ནས་ཀྱང་ཨེ་ཛིའི་ཉིན་མོ་སྲུང་བརྩི་ཐོག་ཨེ་ཛིའི་ནད་ཡམས་ཀྱི་སྐོར་ལ་གོ་རྟོགས་ལས་འགུལ་སྤེལ་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་སྐབས་བཟང་ལ་སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་དང་། བྱེ་བྲག་རྒྱ་གར་གྱི་བོད་པའི་སྤྱི་ཚོགས་ནང་ཨེ་ཛི་ན་མཁན་ག་ཚོད་ཡོད་དང་དེའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་པ་ཇི་ཙམ་ཡོད་མེད་ཀྱི་སྐོར་བཅར་འདྲི་བྱས་པ་ཡིན། ཁོང་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟའི་ཆར་རྒྱ་གར་ནང་གནས་སྡོད་བྱེད་མཁན་གྱི་བོད་པའི་ཁྲོད་ནས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནང་ཐོ་འགོད་ཀྱིས་སྨན་བཅོས་བྱེད་བཞིན་ཡོད་པའི་ཨེ་ཛིའི་ནད་པ་༡༢༠ ནས་༡༣༠ ཙམ་ཡོད་ཀྱང་། ན་ཚ་དེ་ཕོགས་སྐབས་ལུས་ཟུངས་ཟད་ནས་ན་ཚ་གཞན་མང་པོ་ཞིག་ན་སྟབས། དེས་མིའི་ཚེ་སྲོག་འཕྲོག་གི་ཡོད་རྐྱེན་ན་ཚ་དེ་ལ་བརྟེན་ནས་མི་ག་ཚོད་འདས་གྲོངས་སུ་གྱུར་ཡོད་མེད་བཤད་ཐུབ་ཀྱི་མེད་པ་རེད།  དེ་བཞིན་སྤྱིར་རྒྱ་གར་གྱི་བོད་པའི་སྤྱི་ཚོགས་ནང་ཨེ་ཛི་ན་མཁན་མང་པོ་ཡོད་ཚུལ་འདུག་ཀྱང་། སྤྱི་ཚོགས་ཀྱི་ངོས་ནས་དེར་མཐོང་ཆུང་དང་འཛེམས་ཟོན་ཤུགས་ཆེན་བྱེད་ཀྱི་ཡོད་རྐྱེན་ན་མཁན་ཚང་མའི་གྲངས་ཀ་ད་ལྟ་རག་ཐུབ་མེད་རུང་། གང་མགྱོགས་རག་ཐབས་དང་ཚང་མར་སྨན་བཅོས་ཡོང་ཐབས་སུ་འབད་དང་འབད་བཞིན་ཡོད་འདུག

རྒྱ་གར་ནང་གི་བོད་པ་ཨེ་ཛིའི་ནད་པ་ཚང་མར་རྒྱ་གར་གཞུང་ནས་སྨན་བཅོས་རིན་མེད་དུ་གནང་གི་ཡོད་ཀྱང་། བོད་པ་གནས་སྡོད་བྱེད་ས་མང་ཆེ་ཤོས་ལུང་ཁུག་ཡིན་རྐྱེན་གྲོང་ཁྱེར་ནང་སྨན་ལེན་དུ་འགྲོ་བར་ལམ་བར་གྱི་འགྲོ་སོང་དང་། ནད་འབུའི་གྲངས་ཀ་འཕར་ཆག་གི་ཐོག་ལ་བརྟག་དཔྱད་བྱེད་དགོས་པ་གཉིས་རིན་མེད་མིན་པས། དེ་གཉིས་ཀྱི་འགྲོ་གྲོན་དེ་བོད་གཞུང་ལ་ཐོ་འགོད་བྱེད་མཁན་ཚོར་རག་གི་ཡོད་འདུག ལོ་ལྟར་སྨན་ཁང་ཆེ་བ་ཞིག་ནང་ཁྲིད་ནས་འཕྲོད་བསྟེན་བྱ་ཕྱོགས་ཀྱི་སྐོར་ལ་ཟབ་སྦྱོང་། གཞན་ད་དུང་མཚམས་རེར་སེམས་ཁམས་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱིར་དགེ་བཤེས་སོགས་ཀྱི་དྲུང་ནས་ནང་ཆོས་དང་འབྲེལ་བའི་བསམ་བློ་གཏོང་ཚུལ་གྱི་སྐོར་ལ་སློབ་གསོ་ལེན་རྒྱུའི་ལས་གཞི་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། མ་ཟད་ནད་པ་མི་སྒེར་གྱིས་བདེ་སྡུག་ཞུས་ན་འཕྲོད་བསྟེན་ལས་ཁུངས་ཀྱིས་རོགས་པ་བྱེད་ཀྱི་ཡོད་འདུག

 

ང་ཚོའི་སྤྱི་ཚོགས་ནང་ཨེ་ཛིའི་ན་ཚ་དེ་ཉེན་འཚབ་ཆེན་པོ་ག་ཚོད་ཆགས་ཡོད་མེད་སྐོར་དྲིས་པར། ན་ཚ་དེ་ཚོའི་རིགས་ལ་སྨན་མེད་ཐོག་འགོས་ནད་ཡིན་རྐྱེན་ང་ཚོས་གོ་རྟོགས་སྤེལ་བ་དེའི་ཁར་མི་མང་གིས་ལག་བསྟར་མ་བྱས་ནས་ཁྱབ་ཆེ་རུ་སོང་ན། འགྲོ་སོང་ཕོན་ཆེན་ཡིན་དུས་གཞུང་གིས་ད་ལྟ་ནང་བཞིན་རོགས་སྐྱོར་ཞུ་མི་ཐུབ་པའི་གནས་སྟངས་ཡོང་སྲིད་སྐོར་དང་། དེའི་ཁར་ན་ཚ་དེ་ན་ཚ་གཞན་མང་པོ་ཞིག་གི་སྒོ་ཆེན་ཡིན་དུས་དེའི་ཐོག་མི་རེ་ངོ་རེ་ནས་གཟབ་གཟབ་མ་བྱས་ན་ཚོགས་སྒེར་གཉིས་ཀ་ལ་ཉེན་ཁ་ཆེན་པོ་ཡོད་སྐོར་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་སྐབས་བཟང་གིས་བརྗོད་བྱུང་།

གཞན་བལ་འབྲུག་གཉིས་སོགས་ལ་ཨེ་ཛི་ན་མཁན་ཡོད་ཚེ་དེ་དག་གིས་འཕྲོད་བསྟེན་ལས་ཁུངས་འབྲེལ་ཡོད་ལས་ཁུངས་རྣམས་སུ་འབྲེལ་བ་བྱས་ན་ཡང་རོགས་སྐྱོར་ཐོབ་ཀྱི་ཡོད་ཚུལ་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༣༢ ཀློག་གྲངས།