ཊོམ་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༤ ཉིན་ཨ་རིའི་འདེམས་ཐོན་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊོམ་གྱིས་རྒྱ་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོར་དམག་སྒྲིག་འཛུགས་བཞིན་ཡོད་པ་དང་། ཨ་རིའི་ཚོང་ཟོག་རྒྱ་ནག་ཏུ་ནང་འདྲེན་བྱེད་པར་ཁྲལ་མཐོན་པོ་བཀལ་བ་དང་རྒྱ་སྒོར་གྱི་འཛའ་དམའ་རུ་གཏོང་གི་ཡོད་ཚུལ་བཅས་སྤྱི་ཚོགས་དྲ་བ་ཊུ་ཝི་ཊེར་(Twitter) ཐོག་བཀོད་ནས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ཡོད་འདུག

དེ་ཡང་ཁོང་གིས་བརྗོད་དོན་དུ། “རྒྱ་ནག་གིས་རྒྱ་སྒོར་གྱི་འཛའ་དམའ་རུ་བཏང་ནས། ང་ཚོའི་ཚོང་ལས་སྡེ་ཚན་ལ་དཀའ་ཁག་བཟོ་བ་དང་། དེ་བཞིན་ཨ་རིའི་ཚོང་ལས་སྡེ་ཚན་རྣམས་ཀྱི་ཚོང་ཟོག་རྒྱ་ནག་ཏུ་གཏོང་བར་ཁྲལ་ཆེན་པོ་བཀལ་བ། དེ་མིན་ལྷོ་རྒྱ་ནག་རྒྱ་མཚོའི་དབུས་སུ་དམག་གི་སྒྲིག་འཛུགས་ཆེན་པོ་བརྒྱབ་པ་སོགས་ཀྱི་བྱེད་ལས་མ་བརྩམས་པའི་སྔོན་དུ། ང་ཚོར་སྐད་ཆ་དྲིས་ཡོད་དམ་ཟེར་ན། ངས་བསམས་ན་དེ་ལྟར་བྱས་ཡོད་མ་རེད།” ཅེས་བརྗོད་ཡོད་འདུག དེ་བཞིན་ཉིན་གཉིས་ཀྱི་སྔོན་དུ་ཁོང་གིས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་དང་ཐད་དཀར་ཁ་པར་བརྒྱུད་སྲིད་འཛིན་ཐོབ་པར་ཕན་ཚུན་འཚམས་འདྲི་དང་། ཕྱོགས་གཉིས་ཀྱི་བར་ལ་དཔལ་འབྱོར་དང་དམག་དོན་སོགས་ཀྱི་མཉམ་ལས་ཐོག་ལ་ཡར་རྒྱས་གཏོང་རྒྱུ། བདེ་འཇགས་ལ་རྒྱབ་སྐྱོར་བྱེད་རྒྱུ་སོགས་ཀྱི་ཐོག་ལ་མཉམ་ལས་བྱ་རྒྱུའི་སྐོར་ལ་སྐད་ཆ་བྱུང་་ཡོད་པ་དེས་ཀྱང་རྒྱ་ནག་ལ་བརྡབ་གསིག་བཏང་ཡོད་འདུག འདི་ནི་ཁོང་སྲིད་འཛིན་ལ་འདེམས་ཐོན་བྱུང་ཚར་རྗེས་སུ་རྒྱ་ནག་ལ་ཕོག་ཐུག་གཏོང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག

ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྱབ་བསྒྲགས་སྐབས་སུ། སྐུ་ཞབས་ཊོམ་གྱིས་རྒྱ་ནག་གིས་ཨ་རིའི་ནང་གི་ལས་ཀ་རྣམས་རྒྱ་ནག་ལ་འཁྱེར་གྱི་ཡོད་པ་དང་། རྒྱ་སྒོར་གྱི་འཛའ་དམའ་རུ་བཏང་ནས་རང་ཉིད་ཀྱི་ཚོང་ཟོག་ཕྱིར་འདྲེན་གྱི་གྲངས་འབོར་སྤར་གྱི་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༦ ཀློག་གྲངས།