ཐའེ་ཝན་ནང་ཊོམ་གྱི་སྐད་ཆར་བསམ་ཚུལ་འདྲ་མིན་ཡོད་འདུག

ཐའེ་ཝན་གྲོས་ཚོགས་འཐུས་མི་དང་སློབ་མ། མི་མང་དཀྱུས་མ་སོགས་ཀྱིས་སྐུ་ཞབས་ཊོམ་གྱིས་ལྕམ་ཚེ་དབྱིང་ཝེན་དང་ཁ་པར་བརྒྱུད་སྐད་ཆ་བཤད་པ་དེར། ཁག་ཅིག་གིས་རེ་བའི་འོད་ཟེར་གསར་པ་ཞིག་ཡིན་པ་དང་། ཁག་ཅིག་གིས་ཐའེ་ཝན་བེད་སྤྱོད་བྱས་པ་སོགས་ཀྱི་བསམ་ཚུལ་འདྲ་མིན་ཡོད་འདུག

15355930_1343089682381564_130651286_nདེ་ཡང་ཉེ་བའི་ཆར་ཨ་རིའི་སྲིད་འཛིན་འོས་ཐོབ་སྐུ་ཞབས་ཌོ་ནལ་ཊོམ་གྱིས་ཐའེ་ཝན་སྲིད་འཛིན་ལྕམ་ཚེ་ཡེ་དབྱིང་ཝེན་དང་མཉམ་དུ། ཐད་ཀར་ཁ་པར་བརྒྱུད་སྐད་ཆ་བཤད་ནས། རྒྱ་ནག་འཁྲོས་ཡོད་པ་དང་ཨ་རིའི་གཞུང་འཛིན་ཨོ་བྷ་མའི་སྲིད་གཞུང་གིས་རྒྱ་ནག་ལ། ཨ་རིའི་རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ཐོག་འཛིན་བཞིན་པའི་ལངས་ཕྱོགས་དེ་མུ་མཐུད་འཛིན་བཞིན་ཡོད་པའི་ཁས་ལེན་བསྐྱར་གནོན་བྱ་དགོས་བྱུང་བ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་གནད་དོན་དེར་ལྟ་ཕྱོགས་འདྲ་མིན་བྱུང་ཡོད་པ་རེད་དེ། ཁག་ཅིག་གིས་ཊོམ་གྱིས་རྒྱ་ནག་ལ་ཁ་གཏད་བཅག་པར་ངོས་འཛིན་དང་། ཁག་ཅིག་གིས་ཊོམ་ལ་ཆབ་སྲིད་ཀྱི་ཉམས་མྱོང་མེད་པ་གསལ་སྟོན་བྱུང་བར་ངོས་འཛིན་སོགས་བྱེད་མཁན་བྱུང་ཡོད་འདུག་པས། ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སི་ཨེན་ཨེན་གྱིས་ཐའེ་ཝན་ནང་དུ་གནད་དོན་དེའི་སྐོར་གནས་འདྲི་བྱས་འདུག

ཐའེ་ཝན་གྱི་གུ་ཡངས་ཅན་གྱི་གྲོས་ཚོགས་འཐུས་མི་གཞས་པ་གྲགས་ཅན་ཧྥེ་ཌི་ལིམ་གྱིས་ཁོང་ནི་སྐུ་ཞབས་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་མིན་པ་དང་། ལྷག་པར་དུ་ཊོམ་གྱི་བུད་མེད་དང་གྲངས་ཉུང་མི་རིགས་ཐོག་ལ་བཤད་པའི་སྐད་ཆ་དེ་དག་ལ་རྒྱབ་སྐྱོར་མེད་སྐོར་དང་། འོན་ཀྱང་ཊོམ་གྱིས་ཐའེ་ཝན་གྱི་སྲིད་འཛིན་དང་སྐད་ཆ་བཤད་པ་དེས་ཁོང་སེམས་དགའ་པོ་བྱུང་བ་དང་། དེ་ནི་མ་འོངས་བཟང་ཕྱོགས་ཀྱི་འགོ་ཞིག་ཡིན་པའི་རེ་བ་བྱེད་ཀྱི་ཡོད་པ། དེ་བཞིན་ཊོམ་གྱིས་ཁ་རེ་ཁ་ཐུག་གི་གཤིས་ཀ་དེ་མུ་མཐུད་ཉར་བ་དང་། གཤིས་ཀ་དེ་བེད་སྤྱད་ནས་ལོ་མང་རིང་གི་ཨ་རི་དང་ཐའེ་ཝན་བར་གྱི་འབྲེལ་ལམ་གྱི་ཚད་བཀག་དེ་ལས་བརྒལ་ཐུབ་པ་བྱུང་ན་དགའ་པོ་བྱུང་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

འོན་ཀྱང་ཐའེ་ཝན་གྱི་གཞུང་འཛིན་མང་གཚོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལཱོ་ཆི་ཆེང་གིས་སྐུ་ཞབས་ཊོམ་གྱིས་ཐའེ་ཝན་ལ་མཛའ་གྲོགས་ཀྱི་འདུ་ཤེས་བསྟན་ཡོད་ཀྱང་། འདུ་ཤེས་དེ་སྲིད་ཇུས་སུ་གང་འདྲ་འགྱུར་དགོས་མེད་ད་དུང་ཡང་མ་ཤེས་པར་ལྷག་བསྡད་ཡོད་པ་དང་། སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་ལ་འཁར་ཡོད་པའི་ཐའེ་ཝན་གྱིས་མདུན་བསྐྱོད་གཟབ་གཟབ་ངང་བྱེད་དགོས་སྐོར་བརྗོད་ཡོད་འདུག

མི་མང་ནང་དུ་བསམ་ཚུལ་འདྲ་མིན་ཡོད་འདུག་པ་དང་། དེ་ཡང་ནང་དུ་སྡོད་མཁན་སྐྱེས་སྨན་ཡཱང་གིས་སྐུ་ཞབས་ཊོམ་གྱིས་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་ཟབ་ཏུ་གཏོང་ཐུབ་པའི་ཡིད་ཆེས་ཡོད་པ་དང་། དེ་ལས་ཐའེ་ཝན་ལ་སྲུང་སྐྱོབ་ཀྱི་འགན་ལེན་ཤུགས་ཆེན་བྱེད་ཐུབ་པའི་རེ་བ་ཡོད་པས། དེ་ནི་རེ་བའི་འོད་ཟེར་གསར་པ་ཞིག་དང་འདྲ་བ་ཡིན་སྐོར་བརྗོད་ཡོད་འདུག

ཐའེ་ཝན་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཁག་ཅིག་གིས་གཟབ་ནན་ངང་རེ་བ་བཟང་པོ་རྒྱག་གི་ཡོད་འདུག་པ་དང་། ཁག་ཅིག་གིས་གནད་དོན་དེ་བྱུང་ཡོད་པ་ཤེས་ཀྱི་མེད་པ། ཁ་ཤས་ཀྱིས་ཨ་རིས་ཐའེ་ཝན་དེ་རང་ཉིད་ཀྱི་ཆབ་སྲིད་དམིགས་ཡུལ་འགྲུབ་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་པའི་བསམ་ཚུལ་བརྗོད་ཡོད་འདུག

“ངས་བྱས་ན་སྐུ་ཞབས་ཊོམ་གྱིས་ཐའེ་ཝན་དེ་རྒྱ་ནག་དང་གྲོས་མོལ་བྱེད་པར་རྒྱན་བུ་ཞིག་ལ་བེད་སྤྱད་པ་རེད་”ཅེས་སློབ་མ་པིང་ཡུ་ཆཱོན་གྱིས་བརྗོད་འདུག་པ་དང་། འོན་ཀྱང་མོས་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་རྐྱེན། ཐའེ་ཝན་ལ་འགུལ་བསྐྱོད་བྱེད་པའི་ས་ཆ་ཆུང་ཆུང་ཡིན་པས། ཨ་རི་དང་འབྲེལ་ལམ་ཟབ་ཏུ་བཏང་ན་ཕན་ཐོགས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག སློབ་ཕྲུག་གཞན་ཞིག་གིས་ཊོམ་གྱི་ཁ་པར་ནང་གི་སྐད་ཆ་དེ་ནི་ཁོའི་ཐའེ་ཝན་ནང་གི་འཚོ་བ་ལ་གལ་ཆེན་མི་མཐོང་བ་དང་། དེ་ལས་གཙོ་བོ་ནི་རང་ཉིད་ཀྱི་བདག་དབང་དང་རིན་ཐང་གི་ལྟ་བ་ཉར་སྲུང་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཐའེ་ཝན་ནང་དུ་རྒྱ་ནག་ཕྱོགས་སུ་འཛིན་བཞིན་པའི་འདུ་ཤེས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་འདུག དེ་ཡང་ཕྱི་ལོ་༡༩༩༢ ལོར་དཔྱད་ཞིབ་ཞིག་ནང་ཐའེ་ཝན་མི་མང་བརྒྱ་ཆ་༢༥.༥ ཡིས་རང་ཉིད་རྒྱ་རིགས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག་ཀྱང་། ཕྱི་ལོ་༢༠༡༦ ལོའི་དཔྱད་ཞིབ་ནང་དེ་ལྟར་ངོས་འཛིན་བྱེད་མཁན་བརྒྱ་ཆ་༣.༦ ལས་མེད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༡༩༥ ཀློག་གྲངས།