ཡི་སྒྲ་མཐར་སྐྲོད་དང་། གི་སྒྲ་རང་བཙན།

ད་ཕན་ཁོ་བོའི་མིག་ལམ་དུ་འོང་བའི་རྩོམ་ཡིག་ཕལ་མོ་ཆེར། གི་སྒྲ་དང་ཡི་སྒྲའི་གསང་བ་མ་ཤེས་པའི་མགོ་བོ་ཀུན་ཏུ་རྨོངས་ཏེ། གི་སྒྲའི་གོ་ས་དང་ཐོབ་ཐང་ཕྱེད་ཀ་ཤོར་ཞིང་། ཡི་སྒྲ་ཨུ་ཚུགས་དང་བཙན་ཐབས་ཀྱིས་ལོག་སྦྱར་མང་དུ་མཐོང་བས། སྔ་མོ་ནས་གསེད་བཀྲོལ་འདི་ལྟར་བྱེད་པར་འདོད་ནའང་། བདག་ནི་ཧ་ཅང་གཡོ་བ་ཞན་པས་རིམ་གྱིས་ནར་ལུས་ཕྱིན།

སྤྱིར་བཏང་གི་ཡིག་འབྲེལ་སྒྲར་ཁས་བླངས་ན་དེ་ཙམ་སྐྱོན་མེད་པ་མ་ཟད། བོད་བསྡུས་ཀྱི་རིགས་འགྲེའི་ལུགས་ལྟར་བྱས་ན་དེ་བས་སྐྱོན་མེད། འོན་ཀྱང་གི་སྒྲ་ཡིན་ན་འབྲེལ་སྒྲ་ཡིན་པས་ཁྱབ་པ་ནམ་ཡང་ཁས་ལེན་མི་རུང་ལ། སུས་ཀྱང་དམ་བཅའ་མི་ནུས།

འབྲེལ་སྒྲའི་ལུགས་ལས་བརྒལ་བའི་བོད་ཡིག་གི་གཏིང་མ་ཤེས་ཤིང་། བོད་སྐད་ཀྱི་འགྲོས་མ་རྟོགས་པའམ། ཡང་ན་གཡང་ཁར་འགྲིམ་པའི་ལུག་ཁྱུ་ནང་བཞིན་རང་སྟོབས་ཀྱིས་ལམ་གོལ་ལྡོག་མ་ནུས་པའི་མཁས་པ་དུ་མས། སྐད་ལ་ལྟོས་ནས་ཡི་གེ་བཟོས་པ་དང་། བརྗོད་བདེ་གལ་ཆེ་བའི་གནས་ལུགས། འབྲེལ་སྒྲ་དང་ཚིག་གྲོགས་བར་གྱི་གནད་ཀ་སོགས་མ་མཁྱེན་པ་ནི་ཅི་འདྲའི་དགོད་བྲོ་མོ་ཞིག་རེད་ཨང་།

དཔེར་ན། ཞུ་ཡི་ཡོད། འགྲོ་ཡི་ཡོད། ལྟ་བུའི་ཡི་སྒྲ་ནི། བདུན་པ་ཉིད་ལ་བདུན་པ་སྟེ།། ཞེས་པའི་དོན་ཡིན་པར་འདོད་པ་ནི་རྩ་བ་ལས་ཕྱིན་ཅི་ལོག་སྟེ། རྩ་བའི་སྐབས་སུ་འབྲེལ་སྒྲའི་རྣམ་གཞག་བསྟན་པ་ཙམ་ལས་དོན་གཞན་གང་ཡང་མེད་མོད། འདིའི་ཡི་སྒྲ་འབྲེལ་སྒྲར་མི་བཏུབ་ཅིང་། འདིར་བརྗོད་མི་བདེ་བས། ཞུ་གི་ཡོད། འགྲོ་གི་ཡོད། ཅེས་གི་སྒྲ་སྦྱར་ན། གཞུང་དོན་འབྲེལ་སྒྲའི་རྣམ་གཞག་དང་མི་འགལ་ཞིང་། ཧ་ཅང་བརྗོད་བདེ་ཆེ་སྟབས། རྗེས་སོར་འདིའི་རིགས་ལ་ངེས་པར་དུ་གི་སྒྲ་སྦྱོར་བ་ལས། ཡི་སྒྲ་ནམ་ཡང་སྦྱོར་མི་རུང་ངོ་།

འོ་ན། འདིར་གི་སྒྲ་འབྲེལ་སྒྲ་མ་ཡིན་ན། གི་སྒྲ་གང་ཞིག་ཡིན་ཞེས་འདྲི་ན། སྐབས་འདིའི་གི་སྒྲ་ནི་ཞུ་དང་ཡི་སོགས་ཀྱི་བརྗོད་བདེའི་ཚིག་གྲོགས་ཙམ་ལས། འབྲེལ་སྒྲར་འགྲོ་ཚུལ་མེད་པ་བརྡ་སྤྲོད་པའི་མཁས་དབང་རྣམས་དང་། བོད་སྐད་ལ་གཏིང་ཚུགས་པ་ཀུན་ལ་གསལ་ཆ་ཆེ་བས། ཞིབ་མོ་རྣམ་འཐག་མི་དགོས་སྙམ།

སུམ་ཅུ་པའི་རྩ་བ་ལས། དང་པོ་གཉིས་ལ་དང་པོ་མཐུན།། ཞེས་རྗེས་འཇུག་བཅུའི་དང་པོ་ག་དང་ང་གཉིས་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ་ནི། རྗེས་འཇུག་དང་པོ་ག་ཉིད་མཐུན་ཞེས་པ་འདི་འབྲེལ་སྒྲ་བཤད་པའི་སྐབས་ཡིན་ནའང་། གི་སྒྲ་ཡོད་ཚད་ལ་ཁྱབ་པའི་སྐབས་མིན་པའི་གསང་བ་འདི་མ་ཤེས་པ་དེ་སྲིད་དུ་བརྡ་སྤྲོད་པའི་གོ་བ་རྣལ་མ་ཞིག་རག་མི་སྲིད།

ད་ནས་བཟུང་ཁོ་བོའི་རྩོམ་ཡིག་ཁག་དང་། ཁོ་བོར་ཞུ་དག་བྱེད་རྒྱུ་སྤྲད་པ་ཀུན་ལ་རང་ལུགས་འདི་ཉིད་གཙིགས་སུ་འཛིན་ནས་གཏན་འཁེལ་བྱ་རྒྱུ་ཡིན་གཤིས། རྩོམ་འདི་མཐོང་བ་ཀུན་གྱིས་དེ་ལུགས་མ་བསྙེལ་བ་བྱོས།

༢༠༡༦/༡༢/༨ སྙིང་མིག

Share this:
༩༥ ཀློག་གྲངས།