ཊོམ་ལ་བརྟེན་ནས་མེག་སི་ཀོ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་བཟང་དུ་གཏོང་འཆར།

ཟླ་འདིའི་ཕྱི་ཚེས་༡༢ ཉིན་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉིན་དེར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་ཡང་ཅེ་ཆིང་དང་མེག་སི་ཀོའི་ཕྱི་སྲིད་བློན་ཆེན་ཁི་ལོ་ཌི་ཡ་རུ་ཛི་ མེ་སེའུ་གཉིས་མེག་སི་ཀོ་རུ་ཐུག་འཕྲད་བྱས་ཡོད་པ་དང་། རྒྱ་ནག་དང་མེག་སི་ཀོ་བར་གྱི་འབྲེལ་ལམ་བཟང་གཏོང་རྒྱུར་མོས་མཐུན་བྱུང་ཡོད་འདུག
15435835_288907378177991_1152517344_nད་ཐེངས་ཀྱི་ཐུག་འཕྲད་འདི་ནི་ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་དང་མེག་སི་ཀོ་གཉིས་ཀར་འཁོན་འཛིན་བཟོས་རྗེས། ཕྱོགས་གཉིས་ཕན་ཚུན་གྱི་ཕྱི་སྲིད་མི་སྣ་མཐོ་ཤོས་གཉིས་ཐུག་འཕྲད་བྱས་པ་ཞིག་ཡིན་འདུག མེག་སི་ཀོའི་ཕྱི་འབྲེལ་བློན་ཆེན་གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ད་ཐེངས་ཀྱི་ཐུག་འཕྲད་སྐབས་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་དང་། ཚོང་ལས་རྩ་འཛུགས། མཁའ་ལམ་འགྲིམ་འགྲུལ་བཅས་གཞི་རྒྱ་ཆེ་རུ་གཏོང་སྟངས་ཀྱི་སྐོར་སོགས་ལ་གྲོས་བསྡུར་བྱས་ཡོད་སྐོར་བརྗོད་ཡོད་འདུག དེ་བཞིན་ཁོང་གིས་“མེག་སི་ཀོ་དང་རྒྱ་ནག་གཉིས་བར་གྱི་སྲིད་ཇུས་ཀྱི་སྡིངས་ཆ་ཞེས་པ་དེ་བརྒྱུད་ནས་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་བཏང་ནས་ཕྱོགས་གཉིས་ཀར་ཁེ་ཕན་ཆེ་བའི་གནད་དོན་རྣམས་རྒྱ་བསྐྱེད་བྱ་རྒྱུར་རྒྱ་ནག་གི་ཕྱོགས་ནས་མོས་མཐུན་བྱས་སོང་” ཞེས་བརྗོད་ཡོད་འདུག
སྤྱིར་ད་ལྟའི་ཆར་དཔལ་འབྱོར་གྱི་ཐད་ནས་མེག་སི་ཀོའི་རྟེན་ས་གཙོ་བོ་དེ་ཨ་རི་ཆགས་ཡོད་རུང་། ཌོ་ནལ་ཊོམ་སྲིད་འཛིན་དུ་འདེམས་ཐོན་བྱུང་ནས་བཟུང་དེར་ཞེད་སྣང་བྱུང་ནས་རྟེན་ས་གཞན་བཙལ་ཏེ་ཨ་རིར་བརྟེན་རྒྱུ་ཉུང་དུ་གཏོང་ཐབས་བྱས་དང་བྱེད་མུས་ཡིན་འདུག་ལ། དེའི་རྒྱུ་མཚན་ནི། ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྲིད་འཛིན་དྲིལ་བསྒྲགས་ཀྱི་སྐབས་སུ་ཨ་རིའི་ཚོང་ལས་སྡེ་ཚན་གྱི་ལས་ཀ་རྒྱལ་ཁབ་གཞན་གྱི་ནང་དུ་བྱེད་རྒྱུ་ཉུང་འཕྲི་བྱ་རྒྱུའི་ཁས་ལེན་བྱས་ཡོད་པས་ཡིན་ཚུལ་འདུག དེ་བཞིན་རྒྱ་ནག་ཕྱི་འབྲེལ་བློན་ཆེན་ཁང་གི་དྲ་ཚིགས་སུ་འཁོད་པ་ལྟར་ན། ད་ཐེངས་ཀྱི་ཐུག་འཕྲད་ནང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་པས། མེག་སི་ཀོ་དང་ལྷན་དུ་རྒྱ་ནག་གི་གཞི་རྒྱ་ཆེ་བའི་ཚོང་ལས་མཉམ་འབྲེལ་ཉིན་རེ་ནས་ཉིན་རེར་རྒྱ་བསྐྱེད་འགྲོ་བཞིན་ཡོད་ཅེས་བརྗོད་ཡོད་པ་དང་། རྒྱ་ནག་གི་ངོས་ནས་ཚོང་ལས་དང་། ཚོང་ལས་རྩ་འཛུགས། གཏེར་དངོས། རྨང་གཞིའི་འཛུགས་སྐྲུན་སོགས་ཀྱི་ཐད་ནས་མེག་སི་ཀོ་དང་མཉམ་འབྲེལ་རྒྱ་བསྐྱེད་གཏོང་རྒྱུའི་རེ་བ་ཡོད་ཚུལ་བརྗོད་ཡོད་འདུག
ཉེ་བའི་ཆར་ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཐེ་ཝན་སྲིད་འཛིན་དང་ཁ་པར་བརྒྱུད་ཕན་ཚུན་སྐད་ཆ་བཤད་པ་དང་། དེ་རྗེས་ཁོང་གིས་བཅར་འདྲི་ཞིག་གི་ནང་“རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ཐོག་གོ་རྟོགས་ཆ་ཚང་བ་ཡོད་ཀྱང་། རྒྱ་ནག་དང་མཉམ་དུ་ཚོང་ལས་ལྟ་བུའི་གྲོས་དོན་བཞག་ཐུབ་ན་མ་གཏོགས། གཞན་ཨ་མི་རི་ཁས་སྲིད་ཇུས་དེར་མོས་མཐུན་བྱེད་དགོས་པའི་རྒྱུ་མཚན་ངས་ཤེས་ཀྱི་མེད་”ཅེས་སོགས་བརྗོད་པ་ལ་བརྟེན་ནས་རྒྱ་གཞུང་ཁོང་ཁྲོ་དྲག་པོ་ལངས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༨༨ ཀློག་གྲངས།