ཀ་ཡི་མི་རབས་ཞེས་པའི་གློག་བརྙན།

དེ་ཡང་ཟླ་འདིའི་ཚེས་༢༨ སྟེ་རེས་གཟའ་ཉི་མའི་དགོང་མོ་དྷ་ས་བོད་གཞུང་ཟློས་གར་ཚོགས་ཁང་དུ་‘ཀ་ཡི་མི་རབས་’ཞེས་པའི་གློག་བརྙན་ཞིག་སྟོན་གྱི་ཡོད་པ་ལྟར། ང་ཡང་འཆར་ཅན་གྱིས་གསར་འགྱུར་བསྡུ་ལེན་བྱེད་སྟངས་ལྟར་ཟློས་གར་དུ་བསྐྱོད་པ་ཡིན། དེར་འབྱོར་སྐབས་ཚོགས་ཁང་ཕྱི་ལོག་ཏུ་ཕོ་སར་མོ་སར་གཉིས་གསུམ་ཞིག་གིས་ལྟད་མོའི་ལག་འཛིན་བཙོང་བཞིན་འདུག་ལ། ངས་རིན་གོང་དྲིས་པ་ན་ཧིན་སྒོར་༥༠ རེད་འདུག དེ་ནི་ནམ་རྒྱུན་གླུ་གཞས་འཁྲབ་སྟོན་སོགས་ཀྱི་གོང་ཚད་དང་བསྡུར་ན་ཧ་ཅང་གོང་ཆུང་ཆུང་རེད་ལ། དེ་ལས་གོང་ཆེ་ན་སྐད་ཡིག་སྐོར་གྱི་ལྟད་མོ་ལ་ལྟ་མཁན་ཡང་ཡོད་ཀྱི་མ་རེད་བསམས་སོང། དགོང་མོ་ལྟད་མོ་དེ་ཆུ་ཚོད་༦།༣༠ ཐོག་སྟོན་འགོ་འཛུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་འདུག་ཀྱང། ཆུ་ཚོད་༧ པ་ཟིན་རྗེས་མ་གཏོགས་འགོ་འཛུགས་ཐུབ་མ་སོང། དུས་ཐོག་ཏུ་ལས་དོན་བྱེད་མི་ཐུབ་པ་ནི་རྒྱ་གར་སྤྱི་ཡོངས་ཀྱི་འགྲོ་སྟངས་ལྟ་བུ་ཆགས་ཡོད་ལ། བོད་པར་ཡང་དེའི་ཤུགས་རྐྱེན་ཡིན་ནམ། རྒྱུ་རྐྱེན་གཞན་ཞིག་ཡིན། གང་ལྟར་དུས་ཐོག་ཏུ་ལས་ཀ་བྱེད་འགོ་ཚུགས་མི་ཐུབ་པའི་གཤིས་ཀ་ཞིག་འདུག སྐབས་དེར་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང། སྤྱི་འཐུས་ཀརྨ་མ་ཡེ་ཤེས་ལགས། བདེ་སྲུང་དྲུང་ཆེ་བཅས་གདན་འདྲེན་ཞུས་ཡོད་པ་དང། དེ་བཞིན་མི་མང་ཡང་གང་འཚམས་མང་པོ་སླེབས་འདུག
གློག་བརྙན་དེ་ནི་ཁ་ཎ་ཌ་ནས་ཡོང་བའི་བསོད་ནམས་དབང་ཕྱུག་ལགས་ཀྱིས་གསར་བཟོ་དང། འགྲེམས་སྤེལ་བྱས་པ་ཞིག་ཡིན་པ་དང། ཁོང་གིས་ཕྱི་རྒྱལ་དུ་བོད་མི་ཚོས་ཕྱིའི་སྐད་ཡིག་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པས། སྐད་ཡིག་ལ་དོ་སྣང་དགོས་པའི་སྐོར་ལ་༧གོང་ས་མཆོག་གིས་དབུས་བོད་མི་གནད་ཡོད་མི་སྣ་ཚོས་བོད་ཡིག་ལ་དོ་སྣང་དགོས་པའི་བཀའ་སློབ་ལམ་སྟོན་ཐེངས་མང་གནང་བ་ལྟར། སྐད་ཡིག་གལ་ཆེན་པོ་ཡིན་པ་དང། དེ་ལ་དོ་སྣང་ཡོང་ཆེད་དུ་གློག་བརྙན་དེ་བཟོ་སྐྲུན་བྱས་པ་ཡིན། ད་ལྟ་ཕྱི་རྒྱལ་ཁག་ཏུ་སྐད་ཡིག་གི་སྐོར་སྐད་གྲགས་ཆེན་པོ་འདྲ་ཆགས་འདུག་ཅེས་གསུངས་སོང།
གློག་བརྙན་དེའི་ནང་སློབ་གྲྭའི་ནང་གི་དགེ་རྒན་དང། སློབ་ཕྲུག་ཚོས་ཧ་ཅང་དོ་སྣང་བྱེད་ཀྱི་ཡོད་པ་ལྟ་བུའི་བོད་ཡིག་གི་དག་ཆ་འགྲན་སྡུར་དང། དེར་ཕྲུ་གུ་ཚོས་དོ་སྣང་དང་སྦྱང་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པ་མཚོན་གྱི་འདུག གློག་བརྙན་ནང་དུ་སྐད་ཆ་བཤད་པ་ཚང་མ་གཤམ་དུ་བོད་ཡིག་ཐོག་ནས་ཤར་གྱི་འདུག་ལ། དེ་ནི་རྒྱལ་སྤྱིའི་གློག་བརྙན་གྱི་འགྲོས་དང་མཐུན་པའི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་མོད། སྟབས་མ་ལེགས་པ་ཞིག་ལ་ད་ལྟའི་ཀ་ཡི་མི་རབས་འདིས་ཀ་ཁ་ཡག་པོ་ཤེས་ཀྱི་མེད་པའམ་དོ་སྣང་རྩ་བ་ནས་མ་བྱས་པ་ལྟ་བུའི་ཁ་སྐད་རང་བྲིས་པ་འདུག་ལ། ཡིག་ནོར་ཧ་ཅང་འབོར་ཆེན་པོ་འདུག སྤྱིར་བཏང་གློག་བརྙན་དེ་བཟོ་སྐྲུན་པའི་ངོས་ནས་དཀའ་ལས་མང་པོ་བརྒྱབ་སྟེ་སྒྲིག་སྦྱོར་བྱས་པ་ཞིག་རེད་འདུག་ལ། དེ་བས་བོད་ཡིག་གལ་ཆེན་དུ་མཐོང་ནས་ལས་འགུལ་སྤེལ་མཁན་ཞིག་ལ་མཚོན་ན། གློག་བརྙན་དེ་མི་མང་ལ་ལམ་སྟོན་ཆེད་དུ་ཡིན་པས། བོད་ཡིག་ཚད་ལྡན་ཞིག་འབྲི་དགོས་པ་ཡང་གལ་ཆེན་དུ་མཐོང།  གཅིག་ཀྱང་མ་ནོར་བ་ཡོང་མི་སྲིད་མོད། བོད་ཡིག་དག་ཆ་མ་ནོར་བ་འབྲི་རྒྱུར་འགྲོ་སོང་དང་མཐུན་རྐྱེན་གྱིས་མ་འདང་བ་ཡང་དེ་ཙམ་མེད། རང་གིས་མ་ཤེས་ཀྱང་རོགས་ལ་དྲིས་ནས་ཡིག་ནོར་ཉུང་དུ་གཏོང་མ་ཐུབ་པ་ནི་ཡ་མཚན་ལྟ་བུ་རེད།
མཇུག་ཏུ་ཤེས་རིག་བཀའ་བློན་མཆོག་གིས་གློག་བརྙན་གྱི་གཤམ་དུ་ཡི་གེ་འཆར་བའི་ཁྲོད་དག་ཆ་ནོར་བ་དང་། མིང་ཚིག་ནོར་བ་ཞེ་དྲག་མང་པོ་འདུག དེ་བཞིན། གློག་བརྙན་ནང་གི་མི་སྣ་ཚོས་ཕན་ཚུན་ལ་སྐད་ཆ་བཤད་སྐབས། སྒྲ་གདངས་ནོར་བ་དང་སྒྲ་གདངས་མི་དག་པ་གང་འཚམ་འདུག མང་ཚོགས་ནང་སྟོན་རྒྱུ་དེ་བྱིས་པ་ཚོར་སློབ་གསོའི་ཆེད་ཡིན་སྟབས། དག་ཆ་དང་སྒྲ་གདངས་ལ་བཟོ་བཅོས་རྒྱག་ཐུབ་པ་ཡིན་ན་བཟོ་དགོས་ཀྱི་འདུག མ་འོངས་པར་ཡང་འདི་ལྟ་བུ་བཟོ་འཆར་ཡོད་ཀྱི་རེད། མང་ཚོགས་ལ་མ་བསྟན་སྔོན་ལ་ཞིབ་འཇུག་ཡག་པོ་བྱས་ཏེ་བསྟན་པ་ཡིན་ན་ཡག་པོ་རེད་ཅེས་གསུངས་སོང།
གློག་བརྙན་དེ་བཟོ་སྐྲུན་བྱེད་མཁན་བསོད་ནམས་དབང་ཕྱུག་ལགས་ནི་རྒྱ་གར་ཀ་ལིམ་སྦུག་ནས་ཚར་ལོངས་བྱུང་ཞིང་། མ་སུ་རི་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། སློབ་གྲྭ་དེའི་ནང་ལོ་དྲུག་རིང་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། ད་ཆར་ཁ་ན་ཌའི་གཞུང་གི་རླུང་འཕྲིན་ལས་ཁུངས་ཤིག་གི་ནང་ལས་ཀ་བྱེད་བཞིན་ཡོད་འདུག། །

Share this:
༣༨ ཀློག་གྲངས།