ཡུ་རོབ་མཉམ་འབྲེལ་གྱི་དམིགས་བསལ་བོད་ཀྱི་སྐུ་ཚབ།

དེ་ཡང་ཟླ་འདིའི་ཚེས་༢༧ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན།  ༢༠༠༨ ལོའི་བོད་ནང་གི་ཞི་བའི་གྱེན་ལངས་ཆེན་མོ་ནས་ད་ལྟའི་བར་གྱི་བོད་ཀྱི་གནས་བབས་ཐད་ལ། ཡུ་རོབ་མཉམ་འབྲེལ་གྱི་ཚང་འཛོམས་ལྷན་ཚོགས་ཀྱི་ཚོགས་འདུ་དང་བསྟུན་ནས་བགྲོ་གླེང་བྱས་ཡོད་པ་དང། སྐབས་དེར་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་གཞོན་སྐུ་ཞབས་མཱ་རོ་སི་མཆོག་གིས། འགྲོ་བ་མིའི་ཐོབ་ཐང་ནི་འཇིག་རྟེན་ཀུན་ལ་ཡོད་པ་ཞིག་རེད་ལ། རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་སེམས་འཚབ་བྱེད་བཞིན་པ་དེ་དོན་ལ་གནས་ཡོད་པས། ང་ཚོ་དང་ལྷན་དུ་གྲོས་མོལ་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར། རྒྱུན་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བརྗོད་ཀྱི་ཡོད་ཅེས་དང། ཁོང་གིས་མུ་མཐུད་ནས། ༧ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་དབར་གྱི་ཞི་བའི་གྲོོས་མོལ་ལ་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་སྤྲད་ནས། བོད་ཀྱི་ཆོས་དང་རིག་གཞུང། སྲོལ་རྒྱུན་བཅས་སྲུང་སྐྱོབ་བྱེད་དགོས་པ་དང་། ཉེ་དུས་རྒྱ་བོད་ཀྱི་གྲོས་མོལ་སྐབས། བོད་ཕྱོགས་ནས་བོད་ཀྱི་མ་འོངས་པར་དམིགས་ཏེ། རྒྱ་ནག་གཞུང་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་ཡོད་པ་དང་། དེ་བཞིན་བོད་ཕྱོགས་ནས་ཁ་བྲལ་དང་རང་བཙན་མི་རྩོད་པར། མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ལ་ཡང་ནས་ཡང་དུ་འབད་འབུངས་བྱེད་བཞིན་པར། ང་ཚོས་དགའ་བསུ་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད།
དེ་བཞིན་བོད་ཀྱི་ད་ལྟའི་གནས་བབས་ལ་གཞིག་ནས་ཡུ་རོབ་མཉམ་འབྲེལ་འཐུས་མིའི་ངོས་ནས། ཡུ་རོབ་མཉམ་འབྲེལ་གྱི་དམིགས་བསལ་བོད་ཀྱི་སྐུ་ཚབ་ཟེར་བ་བསྐོ་བཞག་བྱས་ནས། ཡུ་རོབ་མཉམ་འབྲེལ་གྱི་ཆེས་མཐོའི་ཕྱི་སྲིད་ཀྱི་སྐུ་ཚབ་དང་༧གོང་ས་མཆོག་གཉིས་དབར་ཚོགས་འདུ་ཞིག་འཚོགས་ཏེ། སྐུ་ཚབ་ཚོགས་པ་དེ་བོད་ནང་ཞིབ་འཇུག་གི་ཆེད་དུ་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།།

Share this:
༡༤ ཀློག་གྲངས།