ལོ་འདི་ལོ་ནག་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༢༧   ཕྱི་ལོ་ ༢༠༡༦/༡༢/༢༨  

ཕྱི་ལོ་༢༠༡༦ ལོ་ནི་འཛམ་གླིང་གི་ཁོར་ཡུག་ཏུ་བསམ་བློ་བཏང་ན་ལོ་འདིར་འཇིགས་སྐུལ་རིང་ལུགས་པས་ཉེས་མེད་ཀྱི་མི་མང་པོ་དམར་གསོད་བཏང་བ་དང་། རྒྱལ་ཁབ་མང་པོའི་ནང་དུ་ནང་འཁྲུག་ལ་བརྟེན་ནས་ཡུ་རོབ་ཁུལ་གྱིས་གཙོས་རྒྱལ་ཁབ་མང་པོ་ཞིག་ཏུ་སྐྱབས་བཅོལ་བ་ཧ་ཅང་མང་བའི་ལོ་ཞིག་ཏུ་གྱུར་ཡོད། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་དཔོན་རིགས་ཁག་ཀྱང་མཁྲེགས་འཛིན་གཙོ་བོ་བྱེད་མཁན་སླེབས་པ་སོགས་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་གནས་བབས་ཀྱི་ཐོག་ནས་ལོ་འདི་ལོ་ནག་རེད་ཅེས་བརྗོད་ཆོག་ཅིང་། ཡང་སྒོས་བོད་ཕྱི་ནང་གི་བོད་དོན་གནས་བབས་ཀྱི་ཐོག་ནས་བཤད་ན། ལོ་འདིར་འོས་བསྡུ་ཆེན་མོ་དང་འབྲེལ་བའི་རྩོད་རྙོག་མང་པོ་ཞིག་བྱུང་ཡོད་ལ། དེ་བས་ཀྱང་ཚབས་ཆེ་བ་ཞིག་ལ་འོས་བསྡུ་ཆེན་མོ་གྲུབ་རྗེས་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཞིག་བྱུང་ཡོད་པ་དེ་ལ་བརྟེན་ནས། མ་འོངས་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ངུ་འདི་ཉིད་ཀྱང་བསམ་བློའི་ཐོག་ནས་གཅིག་སྒྲིལ་ཡོང་རྒྱུར་ཕྱོགས་ཡོངས་ནས་འགལ་རྐྱེན་ཆེན་པོ་ཞིག་ཏུ་གྱུར་སོང་།

 

བོད་ནང་ནས་ཀྱང་རྒྱ་དམར་དྲག་པོའི་གཞུང་གིས་མནར་གཅོད་དང་དྲག་གནོན་མཚམས་འཇོག་གཏན་ནས་བྱས་མེད་པ་དང་། བོད་ནང་ནས་དགོན་སྡེ་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འཕུད་སོགས་རིག་གནས་གནས་བརྗེ་གཉིས་པ་ཞིག་ལག་བསྟར་བྱེད་བཞིན་ཡོད་ཅིང་། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་བཏང་བ་དང་། དེ་ལ་འགོག་རྒོལ་བྱེད་མཁན་དག་ལ་དྲག་གནོན་བྱས་པ་སོགས་གནས་ཚུལ་སྡུག་པོ་འབའ་ཞིག་ལས། བོད་ནང་དུའང་བཟང་ཕྱོགས་ཀྱི་གནས་ཚུལ་གང་ཡང་མཐོང་རྒྱུ་མེད་པར། ཕྱོགས་གང་ཐད་ནས་བཀྲ་ཤིས་པ་ལས་བཀྲ་མི་ཤིས་པ་མང་པོ་བྱུང་ཡོད་པས་ལོ་འདི་ནི་དམིགས་བསལ་གྱིས་ལོ་ནག་ཅིག་ཏུ་གྱུར་ཡོད། ད་དུང་ཁ་ཆེ་ནང་འཁྲུག་གི་གནད་དོན་དང་འཇིགས་སྐུལ་རིང་ལུགས་པའི་གནད་དོན། ལྷོ་རྒྱ་མཚོའི་གནད་དོན་སོགས་ཕྱི་ལོ་༢༠༡༦ ལོའི་གནས་སྟངས་ལ་གཞིགས་ན། ཕྱི་ལོ་༢༠༡༧ དང་༢༠༡༨ སོགས་མ་འོངས་པའི་ལོ་ཤས་ནང་འཛམ་གླིང་གི་ཁྱོན་དུ་དམག་འཁྲུག་ཆེན་པོ་ཞིག་སླར་ཡང་ཡོང་མི་སྲིད་པ་མ་རེད་ལ། དེ་ལ་བརྟེན་ནས་ཤུགས་རྐྱེན་ངན་པ་མང་པོ་ཞིག་ཐེབས་ངེས་རེད།

 

ཕྱི་ལོ་༢༠༡༧ ལོ་གསར་དུ་སླེབས་པར་ང་ཚོའི་ངོས་ནས་རེ་བ་ག་ཚོད་ཙམ་རྒྱག་ཆོག་པ་དང་། དེའི་ཐོག་ལ་གྲ་སྒྲིག་ག་རེ་བྱེད་ཐུབ་མིན་གྱི་ཐོག་ལ་བསམ་བློ་གཏོང་དགོས། རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་ལྡོག་ག་རེ་འགྲོ་མིན་ཐད་བོད་པར་ནུས་པ་དང་ཤུགས་རྐྱེན་གང་ཡང་མེད་ཀྱང་། མ་འོངས་པར་བོད་མི་རིགས་ཀྱི་ལས་དབང་གི་ཁ་ཕྱོགས་གང་དུ་སྒྱུར་ཐུབ་མིན་གྱི་ཐོག་ལ་བོད་པ་རང་ཉིད་ལ་འགན་ཁུར་ཡོད་པ་ལས། རྒྱལ་སྤྱིའི་རོགས་སྐྱོར་དང་མི་རིགས་གཞན་གྱིས་རྒྱབ་སྐྱོར་དེ་བཟང་ཕྱོགས་ཀྱི་མཐུན་རྐྱེན་ཆུང་ཙག་ཙམ་ཡིན། དེར་བརྟེན་བོད་པའི་དོན་དག་བོད་པ་རང་ཉིད་ཀྱིས་འགན་ཁུར་དགོས་པ་ལས་གཞན་སུ་གཅིག་ལ་རེ་བ་ཆེན་པོ་ཞིག་རྒྱག་ཡུལ་མེད་སྟབས། དེའི་ཐོག་བོད་པའི་ངོས་ནས་གྲ་སྒྲིག་དང་བསམ་བློ་ཡོད་དགོས་པ་དང་། གཙོ་ཆེ་ཤོས་བོད་པ་མི་རེ་ངོ་རེ་བཞིན་འཆི་བཞིན་པའི་སེམས་པ་འདི་དག་སླར་གསོ་ཡོང་ཐབས་ལ་ཐབས་ཤེས་ག་རེ་ཡོད་མེད་བལྟ་རྒྱུ་དེ་གཙོ་བོར་གྱུར་ཡོད། མི་རེ་རེ་བཞིན་བོད་དོན་ཐག་གཅོད་ཡོང་རྒྱུའི་སེམས་ཤུགས་དེ་བརླག་སོང་ན་མ་འོངས་པར་བོད་དོན་ཡང་རིམ་པས་འཆི་ངེས་རེད།

 

བོད་པ་ལ་ཐུན་མོང་དུ་དགོས་པ་དེ་ཆབ་སྲིད་དང་། སྤྱི་ཚོགས། རིག་གནས་སོགས་ཕྱོགས་གང་ཐད་ནས་རང་དབང་ཆ་ཚང་བ་ཞིག་དགོས་ཤིང་། བོད་ལ་རང་དབང་ཆ་ཚང་བ་ཡོད་སོང་ན་བོད་པའི་ཆོས་དང་རིག་གནས་ཡུལ་སྲོལ་གོམས་གཤིས་སོགས་ཀྱང་བདག་པོ་རྒྱག་ཐུབ་པ་ལས། བོད་ལ་ཆབ་སྲིད་ཀྱི་རང་དབང་མེད་ན་གནས་སྐབས་ཆོས་དང་རིག་གནས་ལ་བདག་པོ་རྒྱག་རྒྱུའི་རང་དབང་ཡོད་པའི་རྣམ་པ་ཙམ་བསྟན་ཡང་། དེ་ལ་སྟངས་འཛིན་དང་ཚད་བཀག་བྱེད་ཆོག་ཆོག་ཡིན། རྒྱ་དམར་གཞུང་གི་ངོས་ནས་ཀྱང་བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་བྱ་རྒྱུར་རང་དབང་ཆ་ཚང་ཡོད་ཅེས་བརྗོད་བཞིན་ཡང་། དོན་དངོས་ཐོག་ལག་བསྟར་ག་འདྲ་ཞིག་བྱེད་བཞིན་ཡོད་མེད་ཚང་མས་ཤེས་གསལ་རེད། མ་འོངས་པར་བོད་ལ་ཆབ་སྲིད་ཀྱི་རང་དབང་གཏན་ནས་མེད་པའི་རྗེས་སུ་རྒྱ་དམར་གཞུང་ལ་སྲིད་དོན་གྱི་དགོས་མཁོ་ཙམ་ལས། བོད་པའི་ཆོས་དང་རིག་གནས་རྒྱུན་འཛིན་གྱི་ཐོག་ལ་རང་དབང་དང་གུ་ཡངས་ཤིག་སྤྲོད་མི་སྲིད་པ་དེ་ད་ལྟའི་བྱེད་སྟངས་ཀྱི་ཐོག་ནས་ཀྱང་ར་སྤྲོད་བྱེད་ཐུབ་པ་ཞིག་རེད།

 

མདོར་ན་ལོ་གསར་པ་འདིའི་ནང་མ་འོངས་པར་བོད་ཀྱི་བདག་དབང་སླར་གསོ་ཡོང་ཐབས་ལ་བསམ་བློ་གསར་པ་ཞིག་གཏོང་དགོས་པ་དང་། དེ་ཡང་༧གོང་ས་མཆོག་གིས་“རེ་བ་ཆེ་ས་ནས་རྒྱག གྲ་སྒྲིག་སྡུག་ས་ནས་བྱེད་”ཅེས་པའི་གདམས་ངག་བཞིན། རེ་བ་ནི་བོད་ཀྱི་བདག་དབང་སླར་གསོ་ཡོང་ཐུབ་པའི་བསམ་བློ་དང་རེ་བ་རྒྱ་ཆེན་པོ་ཞིག་རྒྱག་དགོས་པ་དང་། དེ་ལྟར་ཡོང་བར་དུས་ཡུན་ག་ཚོད་ཙམ་སྒུག་དགོས་ཀྱང་བོད་པའི་ཆོས་དང་རིག་གནས་གོམས་གཤིས་སོགས་བདག་པོ་རྒྱག་ཐུབ་པའི་གྲ་སྒྲིག་དེ་སྡུག་ས་ནས་བྱེད་དགོས། དེ་ལྟར་མ་བྱས་པར་ང་ཚོས་རེ་བ་ཡང་ཆེས་དམའ་ཤོས་སུ་བརྒྱབ་ཅིང་གྲ་སྒྲིག་ནི་དེ་བས་ཀྱང་མེད་པ་གསལ་པོ་རེད། དཔེར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཡོད་པའི་མི་མང་ཤོས་ཀྱི་རེ་བ་ནི་ནུབ་ཕྱོགས་སུ་བསྐྱོད་རྒྱུ་དེ་ཁོ་ན་ཡིན་པ་དང་། དེ་ལ་བརྟེན་ནས་ཟས་གོས་ཙམ་གྱི་ཐོག་ནས་ཕན་ཐོགས་ཡོད་ཀྱང་། བོད་པའི་ཆོས་དང་རིག་གནས་སོགས་ལ་བདག་པོ་རྒྱག་རྒྱུའི་ཐོག་ནས་རེ་བ་ཧ་ལམ་མེད་པ་འདི་ཁོ་ནའི་ཐོག་ནས་གསལ་པོར་གྱུར་ཡོད།།

Share this:
༡༤༨ ཀློག་གྲངས།