སྐད་ཡིག་ཉམས་ཆག་ལས་འཕྲོས་པའི་བསམ་གཞིག

དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་༧གོང་ས་སྐྱབས་མགོན་རིན་པོ་ཆེས་གཙོས་བོད་གངས་ཅན་གྱི་གནའ་དེང་གི་མཁས་ཤིང་གྲུབ་པའི་སྐྱེས་བུ་དམ་པ་རྣམས་དང་འཕགས་ཚོགས་འདུས་པའི་སྡེ་རིན་པོ་ཆེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་ཡང་དེང་སང་ཁ་ཅིག་གིས་ནང་བསྟན་ཆོས་ལུགས་ནི་བོད་མི་རིགས་ཡར་རྒྱས་ཀྱི་བཀག་རྡོ་དང་བོད་རང་བཙན་ཡང་འདི་ལ་བརྟེན་ནས་ཤོར་བ་ཡིན་སྐོར་གྱི་ལོག་འགྲེལ་དང། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་འཕགས་པའི་དགེ་འདུན་པའི་སྡེ་ལ་ཡང་སྐུར་འདེབས་དང་མཚན་སྨོད་ཚད་མེད་བྱེད་མཁན་ཡང་མང་པོ་ཡོད་མོད། སྤྱིར་སྨྲ་བརྗོད་རང་དབང་ཆ་ཚང་ཡོད་པའི་ལུང་པ་ཞིག་ལ་མཚོན་ན་དེ་ཚོར་ཧང་སང་དགོས་དོན་མེད་ཀྱང། དོན་དངོས་ཇི་བཞིན་མ་མཐོང་བ་དང་ཡང་ན་གང་ཟག་རེ་གཉིས་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྐུར་འདེབས་དང་བསྙོན་འཛུགས་བྱས་བསྡད་པ་ཡིན་ན་ཧ་ཅང་ནོར་འཁྲུལ་ཆེན་པོ་རེད་སྙམ། སོ་སོར་ཡོད་མེད་ཡིན་མིན་དབྱེ་འབྱེད་བྱ་བྱེད་ཀྱི་བློ་ཞིག་ཡོད་པ་དེའི་ཡང་དོན་གོ་མ་ཆོད་པ་རེད།
ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ཁས་ལེན་གྱི་ཡོད་མེད་གང་ལྟར་ཡང། འདི་ནི་དོན་དངོས་ཐོག་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཚེ་སྲོག་གི་ཀ་བ་ལྟ་བུ་ཆགས་ཀྱི་ཡོད་པ་ངེས་པར་དུ་ཤེས་དགོས་ངེས་ཤིག་རེད། དེ་འདྲའི་རྩ་ཆེའི་རིག་གཞུང་དེ་སོར་གནས་རྒྱུན་འཁྱོང་བྱེད་དགོས་ན་ད་ལྟའི་བོད་རང་གི་སྐད་ཡིག་འདི་ལ་ཐུག་ཡོད་པ་རེད་ལ། ༧གོང་ས་མཆོག་གིས་ཀྱང་ཐོག་མར་བཙན་བྱོལ་ནང་ལ་སླེབས་པ་ནས་བཟུང། སྐུ་ངལ་གང་ལ་མ་འཛེམས་པར་རྒྱ་གར་གཞུང་གི་སློབ་གྲྭ་དང་ལོགས་སུ་ད་ལྟའི་བོད་རང་གིས་སློབ་གྲྭ་འདི་དག་གསར་འཛུགས་དང། གདན་ས་གསུམ་གཙོས་ཆོས་བརྒྱུད་ཁག་གི་དགོན་སྡེ་ཁག་བསྐྱར་གསོ་འཛུགས་སྐྲུན་བྱེད་དགོས་པའི་དགོངས་གཞི་གཙོ་བོ་བོད་མི་རིགས་རིག་གཞུང་དང་བཅས་པའི་སྲོག་རྩ་གཅིག་པུ་སྐད་ཡིག་འདི་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ་བྱེད་འཆར་ཡིན་པ་འདས་པའི་བཀའ་སློབ་དག་གི་ནང་གསལ་པོར་གསུངས་ཡོད་པ་དེ་རེད། དེའི་ཕྱིར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་མགོན་དང་དཔུང་གཉེན་ལྟ་བུའི་སྐད་ཡིག་འདིའི་རང་བཞིན་ནམ་དོན་དངོས་མདོ་ཙམ་བརྗོད་འདོད་བྱུང་། འོན་ཀྱང་ཤིན་ཏུ་བློ་དམན་པ་བདག་ལྟ་བུའི་ཇི་བཞིན་བརྗོད་ཐུབ་པའི་ནུས་པ་ཕྲ་ཡང་། རང་དང་སྐལ་མཉམ་གྱི་ད་ལྟའི་བོད་རིགས་ཀྱི་སོན་རྩ་ཚོར་ཅུང་ཟད་རེ་ཕན་ན་སྙམ་པའི་རེ་འདུན་ཟབ་མོ་དང་བཅས་འདིར་བརྗོད་པར་འདོད།  དེས་ན་འཛམ་བུ་གླིང་གི་ས་སྒང་འདི་ནས་རང་ཅག་བོད་པ་ཚང་སྔར་མུས་བཞིན་སླར་ཡང་གསོན་འདོད་ཡོད་ན། བོད་རང་གི་སྐད་ཡིག་དང་རིག་གཞུང་གཙོར་བཟུང་ཐོག་རང་གིས་རང་ཉིད་ལ་བདག་པོ་རྒྱག་རྒྱུའི་སྤོབས་སེམས་དེ་རེད། ལྷག་དོན་གཞན་རྟེན་གྱི་བསམ་བློ་རྒྱང་དུ་དོར་དེ་འགྱེལ་ས་ནས་བསྐྱར་དུ་ལངས་རྒྱུའི་བསམ་བློ་ཤུགས་དྲག་ཡོད་དགོས་ལ་དེ་དང་མཉམ་དུ་སྲིད་དོན་གྱི་རྐུབ་སྟེགས་རྩོད་རེས་བྱས་ནས་ཉི་མ་གང་འཁྱོལ་ཙམ་མི་སྡོད་པར། རང་ནུས་གང་ཡོད་ཀྱིས་འོས་བབ་དང་བསྟུན་ནས་ཕྱག་ལས་གང་ཐུབ་གནང་དགོས་པ་འདི་ནི་ང་རང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཆགས་བསྡད་ཡོད་པ་ཞིག་གིི་འགན་འཁྲི་ངོ་མ་དེ་རེད། བོད་མི་རིགས་ཤི་གསོན་ཛ་དྲག་གི་གནས་སྟངས་འདི་ལས་སྐྱོབ་ཐབས་བྱེད་དགོས་པ་འདི་ཡང་གཙོ་ཆེར་ང་ཚོ་རང་དབང་ལུང་པར་འཚོ་སྡོད་བྱས་ཡོད་པ་ཚོའི་འོས་འགན་ཉག་གཅིག་ཡིན་པ་ལས། གཞན་དབང་གདུག་རྩུབ་འོག་གི་གཞིས་ལུས་མི་མང་ལ་སོ་སོའི་ཚེ་སྲོག་གི་རང་དབང་ཙམ་ཡང་མེད་ན་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ལྟ་ཅི།  དེ་ཡང་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློ་ཞིབ་འདང་ཞིག་བརྒྱབ་ན་འབྱུང་འགྱུར་བོད་ཀྱི་སྲིད་འབྱོར་རིག་གསུམ་སྔར་མུས་བཞིན་སླར་གསོ་དང་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་ན་དེའི་སྲོག་རྩ་གཅིག་པུ་བོད་རང་གི་སྐད་ཡིག་འདི་ལ་ཐུག་ཡོད་པ་གསལ་པོ་རེད། གལ་སྲིད་བོད་ཀྱི་སྐད་ཡིག་བདག་མེད་རྩ་བརླག་ཏུ་སོང་ན་ཉིན་དེ་ནས་བཟུང་བོད་གསོན་པའི་རེ་བ་དང་བྲལ་བ་རེད། རྒྱུ་མཚན་ནི། དོན་དངོས་ཐོག་བཀའ་དྲིན་རྗེས་དྲན་ཞུ་ཡུལ་བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་དང་བཅས་ཀྱི་ཆེད་རྩ་ཆེའི་སྐུ་སྲོག་གིས་འགྲོ་གྲོན་གཏོང་མཁན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་། ༧ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་ཀྱིས་བརྗིད་ཅིང་སྒམ་ཚུགས་ལྡན་པའི་བོད་མི་རིགས་ལ་ཤ་ཚས་གདམས་པའི་སྡོམ་ཚིག་རེ་རེ་དང། ཤིན་ཏུ་དཀྱེལ་ཆེ་བའི་ཕྱག་ལས་གནང་ཕྱོགས་དག་གིས་ཀྱང་ར་སྤྲོད་གསལ་པོ་བྱས་ཡོད་པ་རེད། ལྷག་དོན་ཁོང་རྣམ་པའི་ཐུགས་འདུན་ཇི་བཞིན་ང་ཚོས་བོད་གངས་ཅན་གྱི་རྒྱལ་བསྟན་སྤྱིའི་ཆེད་འབད་བརྩོན་ལྷུར་ལེན་དགོས་པ་ཞིག་རེད་ལ་ཁ་སྟོང་གི་རྗེས་དྲན་ཙམ་མིན་པར་དོན་ལ་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་མཆོད་པ་འབུལ་བསམ་ན་ཡང་འདི་ཉིད་ཀྱིིས་འཐུས་པར་སེམས། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོའི་ཆོས་དང་རིག་གཞུང་འདིའི་ཚེ་སྲོག་དང་། ལོ་རྒྱུས་ཀྱི་འགན་འཁྲི་ཁུར་མཁན་འདི་ཡང་བོད་མི་རིགས་ཀྱི་ད་ལྟའི་སྐད་ཡིག་གཉིས་ལ་ཐུག་ཡོད་པ་མཐོང་ཆོས་མྱོང་འགྱུར་ཡིན་པ་མ་ཟད། འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་སའི་གོ་ལ་ཧྲིལ་པོ་འདིའི་ཁྱོན་ན་སྐད་ཡིག་དྲུག་སྟོང་ལྷག་ཡོད་ཀྱང། ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་སྐད་རིགས་སུམ་སྟོང་ཙམ་ལས་ལྷག་མེད་སྐོར་བརྗོད་ཀྱི་ཡོད་པ་དང། ལྷག་དོན་ང་ཚོའི་སྐད་ཡིག་ནི་དེ་ལས་ཉེན་ཚབས་རང་བཞིན་ཅན་ཞིག་ཡིན། སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་དེ་ང་ཚོའི་རྩ་དོན་གྱི་གཞི་རྩའི་ལྟ་གྲུབ་ཏུ་འཛིན་དགོས་པ་ཤིན་ཏུ་གལ་གནད་དུ་མཐོང་། བོད་གངས་ཅན་གྱི་སྐད་ཡིག་འདི་ཅི་ལྟར་ཉམས་རྒུད་ཀྱིི་གཡང་ས་ནས་སྐྱོབ་ཐབས་བྱེད་དགོས་པ་ནི། བོད་མི་མི་རེ་ངོ་རེས་བཤད་བསྡད་པ་ཙམ་མ་ཡིན་པར་ཉིན་རེའི་འཚོ་བའི་ནང་བོད་སྐད་གཙང་མ་བཤད་དེ་བསམ་བློའི་འཚོ་བཅུད་ལ་ཤུགས་སྣོན་དང་སྐུལ་འདེད་བྱེད་དགོས་པ་དང་། བོད་ཡིག་དག་མ་འབྲི་ཀློག་བྱས་ཏེ་སློབ་གསོའི་མཁའ་དབུགས་འབྱིན་རྔུབ་བྱེད་ཐུབ་ལ་འབད་བརྩོན་བྱེད་དགོས་པ་འདི་ཡང་ཧ་ཅང་གལ་གནད་དུ་སྣང། དེ་འདྲ་སོང་ཙང་། ང་ཚོ་གཞུང་མང་གཉིས་ནས་ཕྱར་གྲུ་མཉམ་འདེགས་ཐོག་ཉམས་རྒུད་ཀྱི་གཡང་སར་ལྷུང་བཞིན་པའི་སྐད་ཡིག་དང་རིག་གཞུང་ལ་བདག་སྲུང་བྱེད་རྒྱུའི་ནུས་ཤུགས་ཡོད་མེད་ལ་མ་ལྟོས་པར། འགན་དབང་ཆ་ཚང་ང་ཚོ་རང་ཉིད་ལ་ཡོད་པ་རེད་མ་གཏོགས་གཞན་སུ་ལ་ཡོད་པ་མ་རེད། གལ་སྲིད་ང་ཚོས་ཕྱོགས་གང་ཐད་ནས་གཞན་གྱི་རྒྱལ་ཁབ་དང་སྲིད་དོན་ཚོགས་པ་སོགས་ལ་རེ་བ་བརྒྱབ་བསྡད་པ་ཡིན་ན།  ནོར་འཁྲུལ་ཆེན་པོ་རེད། ཁོང་ཚོ་ལ་ང་ཚོ་སྐྱོབ་པའི་ནུས་པ་ཡོད་མེད་གང་ལྟར་ཡང། སོ་སོའི་རྒྱལ་དོན་ལས་གལ་ཆེན་ལ་བརྩི་མཁན་ཞིག་ནམ་ཡང་ཡོང་མི་སྲིད་པ་རེད། དེ་འདྲ་ཡིན་དུས་གཞན་སུ་གང་གིས་ང་ཚོར་ཉམས་ངའི་གཡང་ས་འདི་ནས་མྱུར་སྐྱོབ་ཐུབ་རྒྱུ་ཁག་པོ་རེད། གལ་སྲིད་ཐུབ་པའི་དབང་དུ་བཏང་ཡང་བྱེད་མཁན་མེད་པ་འདས་ཟིན་པའི་ནང་ལོགས་སུ་གང་བྱུང་ལ་ཕྱི་མིག་ཅིག་ལྟོས་དང་བསམ་བློ་འཁོར་མི་ཐུབ་ས་མེད། ད་དུང་ང་ཚོས་ལྐུགས་པའི་ཨུ་ཚུགས་བརྒྱབ་བསྡད་པ་ཡིན་ན་རང་གིས་རང་ཉིད་མགོ་སྐོར་དང་བསླུ་བྲིད་ཀྱི་ལམ་ཁར་ཁྲིད་ཀྱི་ཡོད་པ་རེད་མ་གཏོགས། དེ་རིང་སང་ཉིན་བོད་མི་རིགས་འཆི་གསོན་གྱི་གལ་འགག་ལ་ཐུག་ཡོད་པའི་སྐབས་འདིར། ནད་པ་འཆི་གསོན་གྱི་ཉེན་ཁ་ལ་སྨན་པ་བཟང་པོར་བརྟེན་དགོས་པ་བཞིན་མི་རིགས་དང་རྒྱལ་ཁབ་ཉམས་རྒུད་ཀྱི་གལ་འགག་ལ་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ལ་འབད་བརྩོན་ལྷུར་ལེན་དགོས་པ་དེ་རེད། དེ་ནི་བོད་མི་རྩམ་ཟན་ཡོངས་ཀྱི་ཕྲག་སྟེང་དུ་བབ་པའི་འོས་འགན་ཞིག་དང་མ་བསྐུལ་དང་བླང་གིས་བསྒྲུབ་འོས་པ་ཞིག་ཡིན་པ་ལས་འཕྲལ་གྱི་དགོས་མཁོ་ཙམ་ལ་བརྟེན་ནས་ངོ་སོ་དང་ཡུས་བཤད་ས་ཡོད་པ་མ་རེད། གལ་སྲིད་གཞན་སྐད་ཕྲན་བུ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་བོད་སྐད་ནང་རྒྱ་དབྱིན་སོགས་གཞན་སྐད་ཀྱི་ཚིག་ལྷད་སྣ་ཚོགས་བཅུག་ནས་བཤད་བསྡད་པ་ཡིན་ན།  མི་རིགས་དང་རྒྱལ་ཁབ་ཀྱི་ལ་ཞེན་ཁ་ནས་བརྗོད་པ་ཙམ་ལས་དོན་ལ་རང་ཉིད་ཀྱི་སྐད་དང་ཡི་གེའི་གཞི་རྩ་རུལ་དུ་འཇུག་གི་ཡོད་པ་དང་། མེས་པོ་གོང་མ་དག་གི་ལྷག་བསམ་དང་སྙིང་སྟོབས་ལ་བརྩི་འཇོག་མ་བྱས་པ་འདི་དང་། ལྷག་དོན། ༧གོང་ས་མཆོག་གིས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སྐོར་ལ་ཡང་ནས་ཡང་དུ་བཀའ་སློབ་ལམ་སྟོན་གནང་བ་མཐའ་དག་རྩིས་མེད་རྡོག་རོལ་དུ་བཏང་བ་མ་ཟད་ད་ལྟ་ཉམས་དམས་དང་ཆག་འཇིག་ཀྱི་གཡང་དུ་ལྷུང་བཞིན་པའི་བོད་མིའི་སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུད་འཛིན་བྱེད་རྒྱུར་འོས་འགན་རྩ་བ་ནས་མ་ཁུར་བ་ར་སྤྲོད་གསལ་པོ་བྱས་པ་རེད། དོན་དངོས་ལ་སོ་སོའི་ཁེ་ཕན་དང་རྐུབ་སྟེགས་བརྟན་སྲུང་ཆེད་རང་རིགས་སྤུན་ཟླ་ཡོངས་མགོ་གཡོག་མགོ་སྐོར་གྱི་གཏམ་བརྗོད་སྤེལ་བསྡད་པ་ཙམ་ལས་མི་རིགས་རིང་ལུགས་ཀྱི་ཤ་ཞེན་ཏིལ་འབྲུ་ཙམ་ཡང་མེད་པ་གསལ་པོར་མིག་སྔར་བསྟར་བ་ཞིག་ཀྱང་རེད། དེ་ན་དེ་རིང་སང་ཉིན་གྱི་གསེར་ལས་རིན་ཐང་ཆེ་བའི་དུས་ཚོད་འདིའི་ནང་ང་ཚོས་དྲང་ཕྱོགས་ནས་བཀྲ་ཤིས་ལོ་ལེགས་ཀྱི་སྐད་ཆ་རྐྱང་རྐྱང་བཤད་བསྡད་པ་དང་། ཡང་ན་ལྡོག་ཕྱོགས་ནས་མ་ལེགས་མ་འགྲུབ་པའི་སྐྱོན་བརྗོད་རྐྱང་རྐྱང་བྱས་བསྡད་པ་ཡིན་ན་ཕན་པ་ལས་གནོད་པ་ཆེན་པོ་འབྱུང་བཞིན་ཡོད་པ་མིག་མཐོང་ལག་ཟིན་དང་མཐོང་ཆོས་མྱོང་གྱུར་ལྟ་བུ་ཆགས་བསྡད་ཡོད་པ་འདི་རེད། དེ་ལས་འབྱུང་འགྱུར་རྒྱ་ནག་དམར་པོའི་ལྟ་གྲུབ་ལ་ཁ་གཏད་གཅོག་དགོས་པའམ་དོན་ངོ་མ་ཡིན་པའི་སྐྱོན་བརྗོད་དང་འཁྱོག་བཤད་ལ་ལན་འདེབས་དང་གསལ་བཤད། ད་ལྟའི་བོད་ཕྱི་ནང་གཉིས་ཛ་དྲག་གི་གནས་སྟངས་ལས་མྱུར་སྐྱོབ་བྱེད་རྒྱུ་དང། རྒྱལ་ཁའི་ལམ་ལ་བསྐྱོད་དགོས་ན་དུས་དང་རྣམ་པ་ཀུན་ཏུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འཆར་གཞི་ངེས་ཅན་གྱི་ཐོག་བོད་རང་གིས་སྐད་ཡིག་གཉིས་བདག་འཛིན་དང་གཅེས་ཉར་བྱེད་དགོས་པ་དེ་རེད། དེ་མིན་དབང་འཛིན་མི་སྣ་ཚོའི་དབུས་པའི་ཁ་རྒྱགས་པ་བཤད་ཤེས་མཁན་ཡོངས་ཀྱིས་བོད་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དགོས་སྐོར་སྤྱི་ཚོགས་ཁྲོད་ཁ་སྙན་པོ་དང་བརྗོད་བདེ་བོ་བཤད་བསྡད་པ་ལས་དོན་དངོས་ལ་སོ་སོ་ཙམ་མ་ཟད་བུ་ཚ་དང་གཉེན་ཉེ་སོགས་ཀྱི་ཁེ་ཕན་དང་རྐུབ་སྟེགས་སོགས་དངུལ་དང་ཐོབ་འབྱོར་ཁོ་ནའི་ཆེད་རྩོད་ལེན་བྱས་བསྡད་པ་ཡིན་ན་རིག་གཞུང་སྲུང་སྐྱོབ་དང་རིགས་གཅིག་རྐང་འཛིན། རྒྱལ་ཁབ་སླར་གསོ་དགོས་སྐོར་སོགས་ལ་ཁ་བཤད་གཅིག་པུའི་ཕན་ཁེ་གང་ཡང་མེད་པ་གསལ་པོ་ཡིན་པ་མ་ཟད་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་ལ་ཤར་བསྐྱོད་བྱེད་རྒྱུ་ཡིན་ཞེས་པའི་དམ་བཅའ་དེ་ཡང་སྟོང་འགྲོ་ཡི་ཡོད་པ་གདོན་མི་ཟ། དེ་ལྟ་བུའི་ཁ་བཤད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སྤྱད་བསྡད་པ་ཡིན་ན་དེས་ནམ་ཡང་བོད་པའི་རྩ་དོན་ཐོག་རླབས་ཆེན་གྱིི་ཕན་ནུས་ཤིག་ཐོན་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེ་ནི་འདས་དོན་ལ་གཞིགས་ན་བསམ་བློས་དཔོག་མི་ཐུབ་ས་ཞིག་ལྷག་མེད་ཚོད་རེད། དེ་འདྲ་ཡིན་དུས་ད་ནས་བཟུང་ང་ཚོས་རང་ཉིད་བོད་པ་ཡིན་པ་ངོ་ཤེས་པའི་ཐོག་རང་དོན་རང་གཅེས་དང་རང་འགན་རང་ཁུར་གྱིས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་འོག་འཆམ་མཐུན་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཛ་དྲག་གི་གནས་སྟངས་འདི་ལས་སྐྱོབ་ཐབས་ལ་འབད་བརྩོན་བྱེད་རྒྱུའི་དམ་བཅའ་སྙིང་བཅངས་ཀྱི་ཐོག་མི་རིགས་རིག་གཞུང་དང་བཅས་པའི་སྲོག་རྩ་གཅིག་པུ་སྐད་ཡིག་འདི་ཉམས་པ་སླར་གསོ་དང་མི་ཉམས་སོར་གནས་ཡོང་ཆེད་སྤྱི་སྒེར་ཡོངས་ཀྱི་ངོས་ནས་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུའི་དུས་ལ་སླེབས་འདུག་སྙམ།།

Share this:
༤༦ ཀློག་གྲངས།