དུས་དབང་གནང་ཐུབ་ཀྱི་མ་རེད་ཅེས་པའི་དཀྲོག་གཏམ་ལ་མགོ་མ་འཁོར་རོགས།

ཟླ་འདིའི་ཚེས་༤ ཉིནགྱི་་ཕྱི་དྲོར་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བའི་ནང་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། བོད་ནས་ཆོས་ཞུ་བ་མང་པོ་ཕེབས་འདོད་ཡོད་ནའང་། རྒྱ་ནག་གཞུང་གིས་བཀག་འགོག་འོག་ཕེབས་མ་ཐུབ་པར་བློ་ཕམ་ཡོད་སྐོར་གསུངས་སོང་།

15879332_1202158549862596_712427689_n-1གསར་འགོད་ལྷན་ཚོགས་དེའི་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གཉིས་ཕེབས་ཡོད་པ་རེད། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ད་ལྟ་དུས་དབང་གོ་སྒྲིག་ཡག་པོ་བྱེད་ཐུབ་པ་དེ་གཙོ་བོ་རྒྱ་གར་མངའ་སྡེ་གཞུང་དང་ས་གནས་ཀྱི་ལས་ཁུངས་ཁག་གིས་མཐུན་འགྱུར་ཆེན་པོ་གནང་བ་ལས་བྱུང་བ་ཡིན་པས། ཐུགས་རྗེ་ཆེ་ཞུ་ཡིན་ཞེས་དང་། ཁོང་གིས་བོད་ནང་ནས་ཆོས་ཞུ་བ་ཡོང་མ་ཐུབ་པའི་སྐོར་དང་འབྲེལ་ནས་གསུང་དོན། “དུས་འཁོར་དབང་ཆེན་འདིར་བོད་ནས་ཆོས་ཞུ་བ་མང་པོ་ཞིག་ཡོང་འདོད་ཡོད་ནའང་ཡོང་མ་ཐུབ་པ་དང་། འདིར་སླེབས་ཟིན་པ་དེ་ཚོ་ཡང་དུས་བཀག་ནང་ཕྱིར་ལོག་དགོས་བྱུང་བ་དེ་བློ་ཕམ་གྱི་གནས་རེད། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ཟེར་གྱི་ཡོད་པ་རེད་དེ། སོ་སོར་དད་པ་ཡོད་སའི་བླ་མའི་མདུན་ནས་ཆོས་ཞུ་མ་ཆོག་པ་དང་། སྐུ་པར་ཉར་མ་ཆོག་པ་ཡིན་པས། ཆོས་དད་རང་དབང་ཡོད་ཟེར་བ་དེ་འདྲི་རྟགས་ཤིག་ཆགས་ཡོད་པ་རེད་”ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་དུས་དབང་དང་འབྲེལ་བའི་དཀྲོག་གཏམ་སྤེལ་མཁན་དང་བདེ་འཇགས་ལ་གཟབ་དགོས་སྐོར་གསུང་དོན། “ད་ལྟ་དུས་དབང་དང་འབྲེལ་ནས་དཀྲོག་གཏམ་དང་དཀྲུག་ཤིང་གི་སྐད་ཆ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དཀའ་ངལ་ཅིག་ལ་བརྟེན་ནས་དུས་དབང་གནང་ཐུབ་ཀྱི་མ་རེད་ཟེར་བ་ལྟ་བུ་ཡོང་གི་ཡོད་པས། མི་མང་དབུ་མ་འཁོར་བ་དགོས་པ་དང་། ཆེད་དུ་གཉེར་ནས་དཀྲོག་གཏམ་དཀྲུག་ཤིང་རྒྱག་མཁན་གྱི་དོགས་པ་ཡོད་ས་བྱུང་ན། འབྲེལ་ཡོད་ལས་ཁུངས་སོ་སོར་སྙན་སེང་ཞུ་དགོས་པ་དང་། མི་མང་གི་བདེ་འཇགས་དང་སྐུ་ཕྱྭའི་འགན་ཁུར་ཚང་མར་འཁྲི་བ་ཞིག་ཡིན་པས། ཚང་མས་སྐུ་སྲུང་བའི་འགན་ཁུར་ཐུབ་ན་ཡག་པོ་འདུག དེ་བཞིན་དུས་འཁོར་དབང་ཆེན་རིང་ཚང་མས་དཀར་སྐྱོང་གནང་རོགས། དེ་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་ཚེ་སྒྲུབ་དང་། མི་མང་ཚོས་ཆོས་ཞུ་བའི་རིང་ཚོགས་གསོག་ཆེད་ཚང་མས་དཀར་སྐྱོང་གནང་རོགས་”ཞེས་གསུངས་སོང་།

15878877_1202153829863068_2034896281_nདྲི་བ་དྲིས་ལན་སྐབས་ཆོས་དོན་བཀའ་བློན་གྱིས་“སྔོན་མ་དང་བསྡུར་ན་ད་ལོ་མི་འབུམ་གསུམ་ཙམ་འཛོམས་ཐུབ་རྒྱུར་ཚོད་དཔག་བྱས་ཡོད་ནའང་། བོད་ནས་མང་པོ་ཡོང་མ་ཐུབ་པ་དང་། ཕྱི་རྒྱལ་ཁག་ནས་མང་པོ་ཞིག་ཕེབས་མ་ཐུབ་པ་ཆགས་འདུག བསྡོམས་པའི་རྒྱལ་ཁབ་ཁག་བརྒྱད་ཅུ་ཙམ་ནས་ཆོས་ཞུ་བ་བཅར་ཡོད་པ་རེད་”ཅེས་གསུངས་སོང་།

ཉེ་བའི་ཆར་དུས་འཁོར་དབང་ཆེན་གནང་ཐུབ་ཀྱི་མེད་སྐོར་གྱི་འཆལ་གཏམ་ཞིག་ཁྱབ་ཡོད་འདུག་ནའང་། ད་ལྟ་༧གོང་ས་མཆོག་གིས་དཀྱིལ་འཁོར་ས་ཕྱོགས་སོགས་དབང་གི་སྟ་གོན་གནང་ཟིན་ཡོད་པ་དང་། ཕྱི་ཚེས་༥ ཉིན་ནས་དབང་གི་སྔོན་འགྲོའི་གསུང་ཆོས་སྤྱོད་འཇུག་དང་སྒོམ་རིམ་བར་མ་གནང་རྒྱུ་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།

Share this:
༧༢ ཀློག་གྲངས།