ས་སྐྱའི་སྨོན་ལམ་ཆེན་མོ་མཇུག་བསྒྲིལ་བ།

ཟླ་འདིའི་ཚེས་༣ ཉིན་ལུམྦི་ནི་རུ་འཚོགས་པའི་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་ཉེར་ལྔ་པ་དེ་མཇུག་བསྒྲིལ་ཡོད་པ་རེད།

15879381_1203108703100914_203311430_nདེ་ཡང་སྨོན་ལམ་ཆེན་མོ་དེ་༢༠༡༦ ཟླ་༡༢ ཚེས་༢༥ ནས་ཉིན་བཅུ་རིང་འཚོགས་པ་དང་། ཚོགས་མགོན་དུ་ྋསྐྱབས་མགོན་ྋགོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་དང་། ༧སྐྱབས་རྗེ་འཁོན་གདུང་སྐུ་བགྲེས་རིན་པོ་ཆེས་དབུས་པའི་འཁོན་གདུང་རྣམ་པ། ༧སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་གཙོས་པའི་ཞབས་དྲུང་རིན་པོ་ཆེ་རྣམ་པ། གཞན་ཡང་མཁན་པོ་བླ་སྤྲུལ། དགེ་འདུན་པ་དང་བཙུན་མ་བཅས་ཁྱོན་འདུས་པ་བཞི་སྟོང་ལས་བརྒལ་བ་དང་། རྒྱལ་ཕྱི་ནང་ཡུལ་གྲུལ་གང་སར་ནས་ཕེབས་པའི་འཚོགས་བཅར་བ་དད་ལྡན་སྐྱེ་བོ་ཕོ་མོ་སུམ་སྟོང་ལས་བརྒལ་བ་འཛོམས་ཡོད་པ་རེད།

སྐབས་དེར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ལྷན་གཅིག་ཏུ་འཚོགས་པ་དང་། ཕྱི་ཚེས་༣༠ ཉིན་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཆེན་མོ་དབུ་ཚུགས་ནས་ལོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།

ཕྱི་ཚེས་༣༡ ཉིན་༧ སྐྱབས་མགོན་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་དད་ལྡན་སྐྱ་སེར་ཕོ་མོ་བདུན་སྟོང་བརྒལ་བར་རྡོ་རྗེ་སེམས་པའི་བཀའ་དབང་བསྩལ་སྐབས། སྤྱིར་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ། སྦྱིན་བདག་ངོ་སྲུང་དང་དཔལ་འབྱོར་འདུ་འགོད་གལ་ཆེན་ཡིན་ཡང་། དཔལ་འབྱོར་འདུ་འགོད་དང་སྦྱིན་བདག་ངོ་སྲུང་གི་ཆེད་དུ་སངས་རྒྱས་ཀྱི་བསྟན་པ་བློས་གཏོང་མཁན་དེ་འདྲ་ཡོད་ཚོད་འདུག དེ་ལྟར་བྱས་ན་དོན་ངོ་མའི་དམིགས་ཡུལ་དང་རྒྱབ་འགལ་དུ་སོང་བས། ལས་གང་བྱས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་རྒྱབ་འགལ་དུ་མ་སོང་བར། ཐུགས་ཁུར་གཙོར་བཞེས་ཅི་ནས་ཀྱང་གནང་རྒྱུ་གལ་ཆེན་ཡིན་པ་དང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་ཀྱི་སྒོ་ནས་འཛིན་དགོས་དུས། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་མཐར་ཕྱིན་པར་གནང་རྒྱུ་གལ་ཆེན་ཡིན་པ་དང་། ཁྱད་པར་དུ་ཕྱིའི་ཀུན་སྤྱོད་ན་བཟའ་མནབ་སྟངས་ཡན་ཆད་བསྟན་པ་སྤྱི་ལ་རྨ་མི་འབྱིན་པ་ཐུགས་སྣང་གནང་རྒྱུ་གལ་ཆེན་ཡིན་པ་བཅས་བཀའ་སློབ་བསྩལ་ཡོད་པ་རེད།

ཟླ་འདིའི་ཚེས་༡ ཉིན་༸སྐྱབས་མགོན་༸གོང་མ་རིན་པོ་ཆེ་མཆོག་དབུར་བཞུགས་ཐོག དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་ཚོགས་བཅར་བ་ཡོངས་ཀྱིས་བདེ་བར་གཤེགས་པ་༸སྐྱབས་མགོན་༸གོང་མ་བདག་ཆེན་འཇིགས་བྲལ་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་རྡོ་རྗེ་སེམས་དཔའི་བླ་མཆོད་འཚོགས་པ་དང་། ཕྱི་ཚེས་༢ ཉིན་ྋསྐྱབས་མགོན་ྋགོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ལ། བརྟན་བཞུགས་ཕུལ་བ་དང་ལུམྦཱིནི་ཡུལ་མི་ནས་ཆེ་མཐོང་གི་གཟེངས་རྟགས་ཞིག་ཀྱང་ཕུལ་ཡོད་པ་རེད། ཕྱི་ཚེས་༣ ཉིན་སྨོན་ལམ་ཆེན་མོའི་ཉིན་སྨོན་ལམ་ཆེན་མོའི་ལས་རིམ་ཆ་ཚང་གྲུབ་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༢༦ ཀློག་གྲངས།