ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་གཅིག་གྱུར་ཡིན་པ་ངོས་འཛིན་གསལ་པོ་དགོས།

ཟླ་འདིའི་ཚེས་༦ ཉིན་ཏེ་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་ཉིན་གཉིས་པར་རྡོར་གདན་གསུང་ཆོས་ར་བའི་ནང་དུ། ༧གོང་ས་མཆོག་དང་ཆོས་ལུགས་འདྲ་མིན་གྱི་ཆོས་དཔོན་དང་སྐུ་ཚབ་མཉམ་འཛོམས་ཀྱིས་སིག་ཆོས་ལུགས་ཀྱི་དབུ་ཁྲིད་གུ་རུ་གྷོན་པེན་སིག་སྐུ་གྲོངས་ནས་ལོ་སུམ་བརྒྱ་ལྔ་བཅུ་འཁོར་བའི་རྗེས་དྲན་དང་སྟབས་བསྟུན་བསྔོ་སྨོན་འཚོགས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༥ ཉིན་རྒྱ་གར་བྷེ་ཧར་མངའ་སྡེའི་གྲོང་ཁྱེར་པར་ན་རུ་རྗེས་དྲན་དེ་འཚོགས་པ་དང་། དེར་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་། རྒྱ་གར་གྱི་སྲིད་བློན་ཕེབས་ཡོད་པ་རེད།

15934672_1203695056375612_13593083_nརྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གནང་བཞིན་ཡོད་པའི་སྟབས་དང་བསྟུན། ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་གསུང་ཆོས་ར་བའི་ནང་༧གོང་ས་མཆོག་དང་། སིག་ཆོས་ལུགས། ཧིན་དྷི་ཆོས་ལུགས། ཁ་ཆེའི་ཆོས་ལུགས། རྗེན་ཆོས་ལུགས་ཀྱི་ཆོས་དཔོན་དང་སྐུ་ཚབ་བཅས་ཀྱིས་སོ་སོའི་ཆོས་ལུགས་ཀྱི་བསྔོ་སྨོན་གསུངས་པ་དང་། བྱམས་བརྩེའི་གལ་ཆེན་ཡིན་སྐོར་ལ་གསུང་བཤད་མདོར་བསྡུས་རེ་གནང་ཡོད་པ་རེད། སྐབས་དེར་ཡེ་ཤེས་ཆོས་ལུགས་ཀྱི་དབུ་ཁྲིད་ཕེབས་འཆར་ཡོད་ནའང་། སྐུ་གཟུགས་བདེ་ཐང་མེད་པས་ཕེབས་ཐུབ་མེད་པ་རེད།

མཇུག་ཏུ་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། “ད་ལྟ་བླ་ཆེན་ཁག་གིས་གསུང་བཤད་གནང་སྐབས། བྱམས་བརྩེ་གལ་ཆེན་ཡིན་པ་གཅིག་གྱུར་གསུངས་སོང་བས། དེ་ཚང་མས་སེམས་ལ་འཇོག་དགོས་པ་རེད་”ཅེས་ཆོས་ལུགས་ལ་མི་འདྲ་ས་ག་རེ་ཡོད་ནའང་བསླབ་བྱ་གཙོ་བོ་གཅིག་གྱུར་ཡིན་པ་ངོས་འཛིན་གསལ་པོ་ཞིག་དགོས་སྐོར་དང་། “མི་འདྲ་བ་ཡོད་པ་དེ་ཁམས་དང་མོས་པ་མི་འདྲ་བ་ཡོད་པས་ལམ་ཕྱོགས་དེ་ཡང་མི་འདྲ་བ་དགོས་ཀྱི་ཡོད་པ་རེད་”ཅེས་བཅོམ་ལྡན་འདས་ཀྱི་སྟོན་པ་གཅིག་གི་རྗེས་འབྲང་ནང་བསམ་པ་རྒྱ་ཆེ་ཆུང་སྒོ་ནས་ཐེག་པ་གསུམ། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་བཞི་ཡོད་པ་དེ་ཁམས་དང་མོས་པ་མི་འདྲ་བ་ཡོད་པས་དེ་འདྲ་གསུངས་པ་ཡིན་སྐོར། ཆོས་གྲོགས་ཚང་མས་བྱམས་བརྩེ་དང་ཕན་ཚུན་ཕན་ཐོགས་ཡོང་ཐབས་བྱེད་རྒྱུའི་དམིགས་ཡུལ་གཅིག་མཚུངས་ཡིན་པས། དེ་ཚང་མས་གནང་རོགས་ཞེས་སོགས་གསུངས་སོང་།

རྗེས་དྲན་གྱི་མཛད་སྒོ་གྲོལ་བ་དང་། ༧གོང་ས་མཆོག་གིས་གསུང་ཆོས་མུ་མཐུད་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༡༡༣ ཀློག་གྲངས།