སྙིང་ནས་ཐོར་བའི་ཉིང་ཁུ།

 

དྲིན་གྱི་མ་ཚོར་ལོག་ལམ་ཤོར་བའི་བུ། །

འབྱོན་མེད་གཞན་གྱིས་གནར་འོག་མྱོང་བའི་ཚེ། །

ཁེར་རྐྱང་འདང་རྒྱ་མཆི་མས་བརླན་པ་ན། །

ཡུམ་ཆེ་ཁྱོད་ལ་དངས་བའི་བརྩེ་དུང་ཞིག །

 

དགོད་སྒྲས་ཞིང་ཁམས་ཁེངས་པའི་རང་ཡུལ་ནས། །

རྐྱེན་ངན་རླུང་གིས་མི་ཡུལ་འཕང་པའི་ཚེ། །

སྤྲོ་མེད་སེམས་ཀྱི་ངལ་བ་བརྗོད་བསམ་ན། །

གྲོགས་བཟང་ཁྱོད་ལ་དངས་བའི་ལ་རྒྱ་ཞིག །

 

དུང་ཟླ་མཛའ་མོ་ཁ་བ་རི་ལ་བཞག །

ཁ་བའི་ཕོ་རྒོད་རྒྱལ་ཁམས་འགྲིམས་པའི་དུས། །

ཕྱིར་གླིང་བུ་མོ་ཁྲལ་མེད་མཐོང་བ་ན། །

སྙིང་སྡུག་ཁྱོད་ལ་དངས་བའི་སྙིང་འབྲས་གཅིག །

 

སྨྱུག་གུ་ལག་ཏུ་ཐོག་པའི་ཀླད་སྟོང་ང་༟། །

གང་བྲིས་མ་དྲན་བརྟོལ་མེད་གྱུར་པ་ན། །

གོང་གི་ཤོལ་ཀ་བཞི་ཅན་རྩོམ་ཐུང་དེ། །

ཚངས་སྲས་མ་ཁྱོད་འབོད་པའི་སྡུག་སྐད་གཅིག །

 

 

 

 

 

Share this:
༤༡ ཀློག་གྲངས།