གསེར་རྟ་རྫོང་དུ་གྲྭ་པ་གཉིས་འཛིན་བཟུང།

འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་འཁོད་དོན། ཟླ་སྔོན་མའི་ཚེས་༣༠ ཉིན་ཁམས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་དགེ་འདུན་པ་ཕ་ཡུལ་ཁམས་ཡུལ་ཤུལ་ནས་ཡིན་པའི་གྲྭ་པ་གཉིས་ཀྱིས་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ། བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག ཅེས་དང་། བོད་ལ་རང་བཙན་དགོས། ཞེས་སོགས་འབོད་ཚིག་བསྒྲགས་ཡོད་པ་དང་། དེ་དང་ཆབས་གཅིག་དེར་ཡོད་ཀྱི་གྲྭ་པ་དང་མི་མང་གང་མང་ཞིག་གིས་རྒྱབ་སྐྱོར་གྱི་སྐད་འབོད་བྱས་ཡོད་ན་ཡང་། ལག་ཏུ་རྒྱལ་དར་ཐོགས་པའི་ཁམས་ཡུལ་ཤུལ་ནས་ཡིན་པའི་གྲྭ་པ་གཉིས་གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ད་ལྟའི་སྐབས་སུ་ཁམས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ལ་ཡང་རྒྱ་ནག་གཞུང་གིས་ཁྱེད་ཚོ་དགོན་པས་འགན་མ་ཁུར་བ་རེད། ཅེས་བརྗོད་དེ་དམ་དྲག་བྱེད་བཞིན་ཡོད་པའི་གནས་ཚུལ་བོད་ནས་འབྱོར་འདུག
ཕྱི་ལོ་༢༠༠༨ ནས་བཟུང་ཁམས་གསེར་རྟ་བླ་རུང་ཆོས་སྒར་ནས་ཡིན་པའི་དགེ་འདུན་པ་ཚོས་སོ་སོ་དང་བླང་གིས་ཞི་བའི་ངོ་རྒོལ་སྐད་འབོད་དང་། སྦྱར་ཡིག་འགྲེམས་སྤེལ། རྒྱལ་དར་བསྒྲེངས་འཛུགས་ཀྱི་ལས་འགུལ་སྤེལ་མཁན་མང་པོ་བྱུང་ཡོད་ལ། ད་ལྟའི་ཆར་ཁྲིམས་ཐག་བཅད་དེ་བཙོན་ཁང་དུ་ཡོད་པ་ཡང་མང་པོ་ཡོད་འདུག་ཅེས་འབྲེལ་ཡོད་མི་སྣ་དེས་བརྗོད་བྱུང་།།

Share this:
༣༠ ཀློག་གྲངས།