དྷ་སར་འཁྲུག་རྩོད་ཀྱི་དོན་རྐྱེན་འོག་བོད་མི་གསུམ་བཀག་ཉར།

རྒྱ་གར་གྱི་གསར་ཤོག་ཐོག་ཏུ་བོད་པ་དང་རྒྱ་གར་བར་དུ་འཁྲུག་རྩོད་ཤོར་ནས། བོད་པས་རྒྱ་གར་ལ་གྲི་བརྒྱབ་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་དང། ཟླ་འདིའི་ཚེས་༥ ཉིན་འདི་གའི་གསར་འགོད་པས། བདེ་སྲུང་དྲུང་ཆེར་གནས་ཚུལ་དེའི་སྐོར་བཅར་འདྲི་ཞུས་པར། ཁོང་གིས། དང་ཐོག་གངས་སྐྱིད་ཐང་སྟེང་དུ་རྒྱ་གར་གྱི་གླ་འཁོར་ཞིག་གི་ཤེལ་སྒོ་བཅག་འདུག མཚན་སྲུང་ཚོ་དང་མཉམ་དུ་ཅིག་བཤད་བསྡད་ཡོད་འདུག བདེ་སྲུང་གི་ལས་བྱེད་གཉིས་མར་ཡོང་གི་ཡོད་པ་ཐུག་པ་དང། ག་རེ་བྱས་སོང་ཞེས་བཤད་རེས་བྱས་ཡོད་འདུག དེ་ནས་ཁ་རྩོད་དང་གཞུས་རེས་བྱས་ནས་རྨས་སྐྱོན་བྱུང་འདུག ཉེན་རྟོག་པ་སྐད་བཏང་བ་དང། རྒྱ་གར་བ་ཚོ་སྨན་ཁང་དུ་ཁྲིད་པ་རེད། ང་མཚན་མོ་དེར་བལྟ་རུ་ཕྱིན་པ་ཡིན། གཉིས་ལ་སྐྱོན་མི་འདུག གཅིག་ཅུང་རྨས་འདུག བདེ་སྲུང་གི་ལས་བྱེད་གསུམ་ལ་སྨན་བཅོས་བྱས་པ་དང། ད་ལྟ་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་དང། དེ་རིང་ཁྲིམས་ཐོག་ནས་ཐག་གཅོད་ཀྱི་ཡོད་པ་རེད། རྒྱ་གར་གཅིག་ད་དུང་སྨན་ཁང་དུ་ཡོད་པ་དང། གཉིས་སྨན་ཁང་ནས་ཐོན་ཟིན་པ་རེད། སྨན་པས་སྲོག་ལ་ཉེན་ཁ་ཡོད་པ་དེ་འདྲའི་ཛ་དྲག་ཡོད་པ་མ་རེད་ཅེས་གསུངས་སོང། གྲིས་བརྒྱབ་ཡོད་མེད་མི་ཤེས་ཏེ། བོད་པའི་ཕོ་སར་ཚོའི་ལག་པར་ཡང་རྨ་བྱས་འདུག་ཅེས་འགྲེལ་བརྗོད་གནང་སོང།
ཉེ་བའི་ཆར་དྷ་སར་བོད་པ་ཞིག་བརྡུང་ནས་རྨས་སྐྱོན་བྱུང་བ་དང། རྗེས་སུ་སྨན་ཁང་ནས་གྲོངས་པ་རེད། སུས་བསད་མིན་རྩད་གཅོད་ཐུབ་ཀྱི་ཡོད་པ་མ་རེད་ཅེས་བཤད་མཁན་འདུག  དེ་དངོས་ཡོད་ཡིན་མིན་དྲིས་པར། བདེ་སྲུང་དྲུང་ཆེས་གསུང་དོན། དེ་གྲོངས་པ་མ་རེད། རྨས་སྐྱོན་བྱུང་ནས་སྨན་ཁང་དུ་བསྐྱལ་བ་རེད། བདེ་ལེགས་སྨན་ཁང་གི་རྒྱབ་ལོག་དེར་བོད་པ་ཞིག་ལ་རྨས་སྐྱོན་བྱུང་འདུག་ཅེས་བདེ་དོན་དུ་ལན་བསྐྱལ་འདུག བདེ་དོན་གྱིས་ཉེན་རྟོག་པ་ཁྲིད་ནས་སྨན་ཁང་དུ་བསྐྱལ་བ་རེད། ད་ལྟ་དྲག་བསྡད་ཡོད་པ་རེད། སུས་ཉེས་རྡུང་བཏང་མིན་རྩད་གཅོད་ཐུབ་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་སོང་།།

Share this:
༡༨ ཀློག་གྲངས།