སུད་སི་གཞུང་གིས་བོད་དོན་ཁྱབ་བསྒྲགས་བྱས་པར་བཀའ་དྲིན་ཆེ།

སྐལ་བཟང་དོན་གྲུབ་ཀྱིས་བྲིས།
ཟླ་འདིའི་ཚེས་༡༥ ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་སུད་སིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཞུང་འབྲེལ་སྐོར་བསྐྱོད་དང་འབྲེལ། ཐེངས་དང་པོར་རྒྱ་ནག་གི་སྲིད་འཛིན་ཞིག་འཛམ་གླིང་དཔལ་འབྱོར་ལྷན་ཚོགས་ལ་མཉམ་ཞུགས་བྱེད་པར་འབྱོར་ཡོད་པ་རེད། སྲིད་འཛིན་ཁོང་སུད་སིར་མ་འབྱོར་སྔོན་ནས། སུད་སིའི་གཞུང་འབྲེལ་མི་སྣ་དང་སུད་སིའི་བོད་མིའི་འགོ་ཁྲིད་བར། བོད་མིའི་ངོ་རྒོལ་ལས་འགུལ་དང་འབྲེལ་བའི་གྲོས་མོལ་བྱུང་ཡོད་པ་དང་། གྲོས་མོལ་དེ་ལས་བོད་མི་རྣམས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་སུད་སིའི་རྒྱལ་ས་བྷེན་དུ་ཉིན་རྒྱབ་མ་འབྱོར་སྔོན་ལ་ཆུ་ཚོད་གཉིས་ཀྱི་རིང་ལ། སུད་སིའི་གྲོས་ཚོགས་ཀྱི་ཁང་བརྩེགས་ལས་རྒྱང་ཐག་རིང་བའི་འཁྱམས་ར་གྲུ་བཞི་མ་ཞིག་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཁར། ཚད་བཀག་ཆུ་ཚོད་གཉིས་རྗེས་ལས་འགུལ་མཚམས་འཇོག་བྱ་རྒྱུ་མོས་མཐུན་བྱུང་ཡོད་པ་རེད། དེ་བཞིན་སུད་སིའི་གྲོས་ཚོགས་ཀྱི་ཁང་བརྩེགས་གཡས་གཡོན་ཚང་མ་བདེ་སྲུང་མི་སྣས་བཀག་འགོག་དང་སྲུང་སྐྱོབ་བཙན་པོ་བྱེད་རྒྱུ་ཡིན་པའི་འཆར་གཞི་ལྟར། ཉིན་དེར་དེ་ལྟར་བྱས་ཡོད་པ་རེད་འདུག
_93581119_4be2adbf-a077-4b19-8e26-712929aeac39ཉིན་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཐག་གཅོད་བྱུང་བའི་ས་གནས་དེར་རྣམ་པ་འདྲ་མིན་ཐོག་ངོ་རྒོལ་ལས་འགུལ་ཞི་བའི་ངང་བྱས་ཡོད་པ་དང་། ཁག་ཅིག་གིས་ཚད་བཀག་གི་ས་གནས་ལས་བརྒལ་ནས་ངོ་རྒོལ་ལས་འགུལ་སྤེལ་རྐྱེན། ཁོང་ཚོ་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ནས་རྗེས་སུ་གློད་གྲོལ་བཏང་ཡོད་པ་རེད་ལ། དེ་བཞིན་བོད་མི་ཞིག་གིས་རང་ལུས་མེར་སྲེག་གནང་ཐབས་བྱས་ཡོད་འདུག་ཀྱང་། ཉེན་རྟོག་པས་བཀག་འགོག་བྱས་ནས་སྨན་ཁང་ལ་སྨན་བཅོས་བྱེད་པར་བསྐྱལ་ཡོད་འདུག འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བྱེད་མཁན་གྱི་བོད་མི་མང་པོ་ཞིག་གིས། སུད་སི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱས་མ་སོང་ཞེས་སྐྱོན་བརྗོད་དང་ཚིག་ངན་བརྗོད་མཁན་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་བཞིན་འདུག ནམ་རྒྱུན་རྒྱ་ནག་གི་སྲིད་འཛིན་ཞིག་འཛམ་གླིང་ཡུལ་གྲུ་ཁག་ཏུ་སླེབས་སྐབས། བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་རེད་དེ། དེ་ནི་བོད་པའི་སྤྱི་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་ཚོ་ལས་དོ་སྣང་དེ་ཙམ་བྱེད་མཁན་མེད་ཁར། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཡང་དེའི་སྐོར་གནས་ཚུལ་ཐོན་པ་ཉུང་ཉུང་ཡིན་པ་རེད་དེ། ཐེངས་འདིར་ བློ་ཡུལ་ལས་འདས་པ་ཞིག་ལ། སུད་སི་གཞུང་གིས་བོད་མིའི་ངོ་རྒོལ་ལས་འགུལ་དེ་ཚད་བཀག་བཟོས་རྐྱེན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། དེ་བཞིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་དེའི་སྐོར་དང་ངོ་རྒོལ་ཉིན་གྱི་གནས་ཚུལ་རྣམས་ཁྱབ་བསྒྲགས་ཆེན་པོ་བྱས་ཡོད་པ་རེད། ཕྱོགས་གཅིག་ནས་སུད་སི་གཞུང་གིས་ཆེད་དུ་མ་མངགས་པར་བོད་དོན་ཁྱབ་བསྒྲགས་བྱེད་རོགས་བྱས་པ་ཡིན་པས། ངས་ཆེད་དུ་མངགས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་ཡང་སུད་སི་གཞུང་གིས་ནོར་འཁྲུལ་ལམ་ཐབས་བྱུས་མ་ལྡན་པའི་ཐག་གཅོད་དེ་ལས། སྔར་དང་མི་འདྲ་བའི་བོད་དོན་ཁྱབ་བསྒྲགས་ཤུགས་ཆེར་སོང་བར་བཀའ་དྲིན་ཆེ་ཞུ་ཡི་ཡོད།
སྤྱིར་བཏང་བྱས་ན་རྒྱ་གར་དང་ཨ་རི་གཙོས་པའི་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་གལ་ཆེན་བརྗོད་མཁན་རྒྱལ་ཁབ་ཚང་མས། རྒྱལ་ཁབ་ཀྱི་ཁེ་བཟང་དང་རྩ་དོན་ལ་ཐུག་དུས། བོད་དོན་སོགས་གལ་ཆེན་མི་བརྩི་མཁན་ཤ་སྟག་ཡིན་པ་སྨོས་མེད་རེད། ཨ་རི་ལ་ཆ་བཞག་ན། རྒྱ་ནག་གི་སྲིད་འཛིན་ཞིག་སླེབས་སྐབས། བོད་དོན་ངོ་རྒོལ་གྱི་ལས་འགུལ་དེ་སུད་སི་ནང་བཞིན་ཚད་བཀག་བཟོ་ཡི་མེད་པ་རེད། དེ་ཡང་ཨ་རི་དེ་ཉིད་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པས། རྒྱ་ནག་ཀྱང་ཨ་རི་ལ་བསྟུན་དང་བརྟེན་དགོས་པས་ཡིན། དེ་བཞིན་རྒྱ་གར་ལ་ཆ་བཞག་ན། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་སྟོབས་ཆེ་ཤོས་ཁར། རྒྱ་ནག་དང་ཆུ། ས་མཚམས་སོགས་ཀྱི་རྩོད་གཞིའི་ནང་ཡོད་པ་ཡིན་པས། ནང་འགྲིག་ཡོང་བ་ལ་རྒྱ་གར་ལ་བསྟུན་དང་བརྟེན་དགོས་པས་ཡིན། འོན་ཀྱང་སུད་སི་ནི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་རྒྱ་གར་ལྟ་བུ་མིན་ལ། རྒྱ་ནག་གིས་དེ་ཉིད་དང་ཚོང་འབྲེལ་སོགས་མ་བྱས་ཀྱང་། རྒྱ་ནག་ལ་གྱོང་རག་རྒྱུ་གང་མེད་པ་རེད་དེ། དེང་སྐབས་ཡུ་རོབ་ནང་རྒྱལ་ཞེན་རིང་ལུགས་གོང་འཕེལ་འགྲོ་བཞིན་ཁར། ཡུ་རོབ་མཐུན་ཚོགས་གཅིག་པུ་ལ་བསྟུན་མི་དགོས་པར། ཟུར་དུ་རྒྱལ་ཁབ་གཞན་དང་ཚོང་འབྲེལ་བྱེད་དགོས་ཀྱི་ཡོད་པ་ནི་གསལ་པོ་རེད། དེ་ནས་སུད་སིར་རྒྱ་ནག་ཤུགས་ཆེ་བ་མཁོ་བ་ལས། རྒྱ་ནག་ལ་སུད་སི་དེ་ཙམ་མཁོ་བ་མ་རེད། དེ་བཞིན་རྒྱལ་སྤྱིའི་ནང་རྒྱ་ནག་དང་ཚོང་འབྲེལ་ཆེད། བོད་དོན་རྩིས་མེད་གཏོང་བའི་གནས་སྟངས་དེ་ནི་ནམ་ཡང་འགྱུར་བ་འགྲོ་མི་སྲིད་པ་ཞིག་རེད། ངས་སུད་སི་གཞུང་གིས་བྱ་སྤྱོད་དེ་འགྲིག་པ་དང་ཁག་མེད་པ་རེད་ལབ་ཀྱི་མེད་ལ། དེ་འགྲིག་ནོར་གལ་ཆེན་མ་རེད་ལ། དེའི་སྐོར་རྩོད་པ་བརྒྱབ་ནས་ཆོ་མེད་རེད། དེ་ལས་གལ་ཆེ་བ་ནི་མ་འོངས་པར་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་ལ་རྩིས་མེད་དེ་ལྟར་གཏོང་རྒྱུ་ཡིན་པས། ང་ཚོ་བོད་མི་ཚོའི་ངོས་ནས་དེ་ལ་གདོང་ལེན་གང་འདྲ་བྱེད་དགོས་མིན་བསམ་བློ་གཏོང་རྒྱུ་དེ་རེད། ང་ཚོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་བོད་དོན་ལ་སྙིང་རྗེ་དང་ཞལ་འདེབས་ལས། ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་བྱེད་མི་སྲིད་པའི་དངོས་ཡོད་གནས་སྟངས་དེ་གསལ་པོ་ངོས་འཛིན་ཐོག མ་འོངས་པའི་ལམ་ཁར་བསམ་བློ་ཞིབ་མོ་དང་གྲ་སྒྲིག་ཡོད་པའི་ངང་མདུན་བསྐྱོད་བྱ་རྒྱུ་གལ་ཆེན་ཡིན་པར་སེམས།།
Share this:
༧༥ ཀློག་གྲངས།