བོད་མི་ཞིག་དྷི་ལིའི་གནམ་ཐང་ནས་འཇུ་བཟུང་བྱས་འདུག

བོད་མི་ཞིག་གིས་མཐོང་མཆན་ཡོད་པའི་རང་ཉིད་ཀྱི་ངོ་སྤྲོད་ལག་ཁྱེར་དེ་མི་གཞན་ཞིག་ལ་བེད་སྤྱོད་བྱེད་དུ་བཅུག་པས། རྒྱ་གར་གྱི་རྒྱལ་ས་དྷི་ལིའི་ཨེན་རྡར་གྷན་དྷིའི་རྒྱལ་སྤྱིའི་གནམ་ཐང་ལས་འཇུ་བཟུང་བྱས་ཡོད་འདུག

passengers-airport-kaushik-terminal-satish-delhi-international_7e87a09a-dce0-11e6-8bc2-389d9c78b3dfདེ་ཡང་ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཧིན་རྡུ་སི་ཐན་གྱི་དྲ་ཐོག་གནས་ཚུལ་བཀོད་གསལ། ཟླ་འདིའི་ཚེས་༡༥ ཉིན་ཨ་རིར་སྐྱབས་བཅོལ་ལག་ཁྱེར་ཐོག་གནས་སྡོད་བྱེད་མཁན་བོད་མི་དབང་རྒྱལ་པདྨ་ཞེས་པ་ཞིག་གིས། བལ་པོའི་མི་སེར་ར་ཇེན་དྷེ་ར་གྷུ་རུང་ཞེས་པ་ཞིག་ལས་ཧིན་སྒོར་འབུམ་༤༠ བླངས་ཏེ། རང་ཉིད་ཀྱི་ངོ་སྤྲོད་ལག་ཁྱེར་དེ་བེད་སྤྱོད་བྱས་བཅུག་ནས་ཨ་རིར་གཏོང་ཐབས་བྱས་ཡོད་འདུག་ཀྱང་། གནམ་ཐང་གི་ལས་བྱེད་ཀྱིས་བལ་པོའི་མི་དེར་དོགས་པ་སྐྱེས་ནས། དྲི་རྩད་བྱས་སྐབས་དངོས་ཡོད་གནས་ཚུལ་ཕྱིར་ཐོན་བྱུང་བས། ཁོ་འཇུ་བཟུང་བྱས་པ་དང་། བོད་མི་དེས་བལ་པོའི་མི་དེའི་ལག་ཁྱེར་བེད་སྤྱད་ནས་དྷི་ལི་ནས་མུམ་བྷའི་ལ་འཕུར་མཁན་གྱི་གནམ་གྲུའི་འཛུལ་སྒོ་ལ་འགྲོ་བཞིན་སྐབས། ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

བལ་པོའི་མི་དེས་ཁོ་གཉིས་གདོང་པ་འདྲ་པོ་ཡོད་པས། བོད་མི་དེ་ཨ་རིར་འཕུར་ཆེད་དུ་གནམ་ཐང་ནང་དུ་འཛུལ་ཡོད་འདུག་པ་དང་། ཁོ་རང་མུམ་བྷའི་འཕུར་ཆེད་དུ་གནམ་ཐང་ལ་འཛུལ་རྗེས། གནམ་ཐང་ནང་གི་གསང་སྤྱོད་ནང་དུ་ཁོ་གཉིས་ཀྱིས་ཡིག་ཆ་བརྗེ་ལེན་བྱས་སྐོར་བདེ་འཇགས་ལས་བྱེད་ཚོར་བརྗོད་ཡོད་འདུག ད་ལྟའི་ཆར་ཁོ་གཉིས་དྷི་ལིའི་ཉེན་རྟོག་པའི་ལག་ཏུ་རྩིས་སྤྲོད་བྱས་ཡོད་འདུག

ལོ་སྔོན་མར་བོད་མི་ཁག་ཅིག་གིས་ལྷོ་ཀོ་རི་ཡའི་མི་སེར་ལག་ཁྱེར་རྫུན་མ་བེད་སྤྱད་ནས་ཡུ་རོབ་སུད་སིར་འཕུར་ཐབས་བྱས་པས། གནམ་ཐང་ལས་འཇུ་བཟུང་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༡༥ ཀློག་གྲངས།