སྲིད་འཛིན་ཊོམ་གྱི་འཛིན་སྐྱོང་འོག་དྲག་རྒོལ་དང་པོ།

ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊོམ་གྱིས་སྲིད་འཛིན་གྱི་ལས་ཁུར་བླངས་ནས་ཉིན་གཅིག་རྗེས། ཁ་ལོ་བ་མེད་པའི་གནམ་གྲུ་ལས། འཇིགས་སྐུལ་རིང་ལུགས་པར་དྲག་རྒོལ་བྱས་ཡོད་འདུག

16237389_1389115327778999_219641461_nདེ་ཡང་ཟླ་འདིའི་ཚེས་༢༢ ཉིན་གྱི་ཨེ་པོ་ཆེ་དུས་བབ་བརྒྱུད་ལམ་དུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༡ ཉིན་ཨ་རབ་ཀྱི་རྒྱལ་ཁབ་ཡེ་མེན་དུ། ཨ་རིས་ཁ་ལོ་བ་མེད་པའི་གནམ་གྲུ་བཏང་ནས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨལ་ཁེའུ་ཌའི་མི་གསུམ་ལ་དྲག་རྒོལ་བྱས་ཏེ་བསད་ཡོད་འདུག

ཕྱི་ལོ་༢༠༠༡ ཟླ་༩ པའི་ཚེས་༡༡ ཉིན་ཨ་རིར་འཇིགས་སྐུལ་རིང་ལུགས་པས་དྲག་རྒོལ་བྱས་པ་ནས་བཟུང་། ཁོ་ཚོར་དྲག་རྒོལ་བྱེད་ཆེད་ཁ་ལོ་བ་མེད་པའི་གནམ་གྲུ་ལས་དྲག་རྒོལ་བྱེད་རྒྱུ་འགོ་བཙུགས་ཡོད་འདུག་ཀྱང་། རྗེས་སུ་སྲིད་འཛིན་ཨོ་བྷ་མའི་སྐབས་དྲག་རྒོལ་གྱི་ཐབས་ལམ་དེར་འཇུག་པའི་ཁ་གྲངས་མང་དུ་ཕྱིན་ཡོད་འདུག སྲིད་འཛིན་གྱི་དུས་ཡུན་སྐབས་གཉིས་རིང་པ་ཀི་སི་ཐན་དང་སོ་མ་ལི་ཡ། ཡེ་མེན་སོགས་ལ་དྲག་རྒོལ་དེའི་རིགས་ཐེངས་༥༦༣ བྱས་ཡོད་འདུག་པས། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་མང་པོ་ཞིག་གིས། ཨོ་བྷ་མའི་སྲིད་གཞུང་གིས་དྲག་རྒོལ་དེའི་རིགས་ལ་འཇུག་སྐབས་སུ་མི་མང་དཀྱུས་མ་ཉེས་མེད་བསད་པའི་ཁ་གྲངས་གསལ་པོ་འདོན་གྱི་མེད་སྐོར་སྐྱོན་བརྗོད་བྱས་ཡོད་པ་དང་། ཁོ་ཚོས་སྐུ་ཞབས་ཊོམ་གྱི་སྲིད་གཞུང་སྐབས་དྲག་རྒོལ་དེའི་རིགས་ཤུགས་དྲག་ཆེ་རུ་འགྲོ་བའི་སེམས་འཚབ་ཡོད་སྐོར་བརྗོད་ཡོད་འདུག

དེ་སྔོན་ཨོ་བྷ་མས་དྲག་རྒོལ་དེའི་རིགས་ལ་འཇུག་སྐབས། མི་མང་དཀྱུས་མ་ཉེས་མེད་ཀྱི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་ཡོད་པ་ངོས་ལེན་བྱས་ཡོད་འདུག་པ་དང་། ཟླ་འདིའི་ཚེས་༢༢ ཉིན་ཡེ་མེན་གྱི་འགྲོ་བའི་མིའི་ཐོབ་ཐང་གི་ཚོགས་པ་ཆེ་ཤོས་ཤིག་གིས། དྲག་རྒོལ་དེའི་རིགས་ཀྱིས་གནོད་འཚེ་ཕོག་ཡུལ་མི་མང་དཀྱུས་མའི་སྐོར་གྱི་གློག་བརྙན་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་། དེའི་ནང་ཉེས་མེད་ཐོག་ཚེ་སྲོག་ཤོར་མཁན་གྱི་ནང་མི་ཚོས། ཨ་རིས་ཁོ་ཚོའི་ནང་མིའི་ཆེད་གུན་གསབ་སྤྲད་མེད་པ་དང་། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དྲག་རྒོལ་དེའི་རིགས་ཀྱི་ཁྲོད། མི་མང་དཀྱུས་མའི་ཚེ་སྲོག་ཤོར་བའི་ཁ་གྲངས་བཏོན་པ་ལས་མང་བ་བསད་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༦༥ ཀློག་གྲངས།