རྒྱ་གར་ནང་ཁྲིམས་རྩོད་པ་བརྒྱ་ཆ་༤༥ ཙམ་རྫུན་མ་ཡིན་པ།

རྒྱ་གར་གྱི་ཁྲིམས་ར་ལྷན་ཚོགས་ཀྱིས་ལོ་གཉིས་རིང་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་གར་ནང་གི་ཁྲིམས་རྩོད་པ་བརྒྱ་ཆ་༤༥ རྫུན་མ་ཡིན་པ་ཤེས་རྟོགས་བྱུང་ཡོད་འདུག

16237692_1389160317774500_635078343_nདེ་ཡང་ཟླ་འདིའི་ཚེས་༢༣ ཉིན་རྒྱ་གར་གྱི་དུས་བབ་སྟེང་གནས་ཚུལ་བཀོད་གསལ། བདུན་ཕྲག་སྔོན་མའི་ནང་རྒྱ་གར་གྱི་ཁྲིམས་རའི་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་མཱ་ནན་ཀུ་མར་མི་ཤྲི་ཡིས། རྒྱ་གར་གྱི་ཁྲིམས་དཔོན་ཆེན་མོ་དང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་མཐོ་རིམ་རྣམས་ཀྱི་མདུན་དུ། ད་ལྟའི་ཆར་ལོ་གཉིས་ཀྱི་ཞིབ་འཇུག་བརྒྱུད། རྒྱ་གར་ནང་གི་ཁྲིམས་ལག་ལེན་བསྟར་བཞིན་པའི་ཁྲིམས་རྩོད་པའི་ཁུངས། ཁྲིམས་རྩོད་པ་དངོས་གནས་ཡིན་པ་དེ་བརྒྱ་ཆ་༥༥ ནས་༦༠ བར་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་འདུག

ཁོང་གིས་དེ་སྔོན་ཕྱི་ལོ་༢༠༡༢ ལོར་རྒྱ་གར་གྱི་ཁྲིམས་ར་ལྷན་ཚོགས་ཀྱི་འོས་བསྡུའི་སྐབས། དེབ་སྐྱེལ་བྱེད་མཁན་ཁྲིམས་རྩོད་པ་འབུམ་༡༤ མ་ཟིན་ཙམ་བྱུང་ཡོད་ཀྱང་། ཉེ་བའི་ཆར་ཁྲིམས་རྩོད་པ་དངོས་གནས་ཡིན་མིན་གྱི་ཞིབ་འཇུག་འགོ་བཙུགས་རྗེས། ཁྲིམས་རའི་ལྷན་ཚོགས་ཀྱི་འོས་བསྡུར་དེབ་སྐྱེལ་བྱེད་མཁན་ཁྲིམས་རྩོད་པ་འབུམ་༦.༥ མ་གཏོགས་བྱུང་མེད་སྐོར་དང་། ད་ལྟའི་ཆར་ཁྲིམས་རྩོད་དངོས་གནས་དང་རྫུན་མ་ར་འཕྲོད་བྱུང་བ་དེས། རྒྱ་གར་ནང་གི་ཁྲིམས་རྩོད་པའི་ཆེད་ལས་ཀྱི་སྤུས་ཚད་ཡར་རྒྱས་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

རྒྱ་གར་གྱི་ཁྲིམས་དཔོན་ཆེན་མོས་རྒྱ་གར་གྱི་ཁྲིམས་ར་ལྷན་ཚོགས་ཀྱི་ལས་འགུལ་དེར་བསྟོད་བསྔགས་དང་སྦྲགས། རྒྱ་གར་ནང་གི་ཁྲིམས་རྩོད་པའི་ལག་ཁྱེར་རྫུན་མ་འཁྱེར་མཁན་གཅིག་པུ་མིན་པར། ལག་ཁྱེར་མེད་བཞིན་དུ་ཁྲིམས་རྩོད་པའི་ལས་ལ་འཇུག་མཁན་ཚོར་ཡང་ཞིབ་འཇུག་དང་ངོས་འཛིན་དགོས་སྐོར་བརྗོད་ཡོད་འདུག

ཞིབ་འཇུག་འདིའི་ཁྲོད་རྒྱ་གར་གྱི་རྒྱལ་ས་དྷི་ལིའི་ནང་དུ། ཁྲིམས་རྩོད་པ་ལག་ཁྱེར་རྫུན་མ་བེད་སྤྱད་མཁན་མང་ཤོས་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༧༠ ཀློག་གྲངས།