སྲིད་འཛིན་ཊོམ་གྱི་གནས་སྤོ་བའི་བཀའ་རྒྱར་མི་མང་གི་ངོ་རྒོལ།

ཟླ་འདིའི་ཚེས་༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊོམ་གྱིས། ཨ་རིའི་ནང་གནས་སྤོ་བ་དང་སྐྱབས་བཅོལ་ལ་ཡོང་མཁན་ཚོ་དང་འབྲེལ་བའི་བཀའ་རྒྱ་བཏང་ཡོད་པ་དང་། དེ་ལ་བརྟེན་ནས་མི་མང་མང་པོ་ཞིག་གིས་དགག་པ་དང་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་འདུག

དེ་ཡང་སྲིད་འཛིན་ཊོམ་གྱིས་ཉིན་༡༢༠ ཡི་རིང་ཨ་རིའི་སྐྱབས་བཅོལ་བའི་ལས་དོན་ཚང་མ་མཚམས་འཇོག་བྱ་རྒྱུ་དང་། ཉིན་༩༠ ཡི་རིང་ཁ་ཆེ་བ་མང་ཤོས་ཡིན་མཁན་གྱི་ལུང་པ་ཨི་རན་དང་ཨི་རག ལི་བྷེ་ཡ། སོ་མ་ལི་ཡ། སུ་དྷན། སི་རི་ཡ་དང་ཡེ་མེན་བཅས་ནས་སྐྱབས་བཅོལ་བ་དང་། ཡུལ་སྐོར་བ་སོགས་ཨ་རིའི་ནང་དུ་འཛུལ་མི་ཆོག་པ་བཟོས་ཡོད་ཁར། སི་རི་ཡ་ནས་སྐྱབས་བཅོལ་བ་ལེན་རྒྱུའི་ལས་དོན་དེ་དུས་ཚོད་ངེས་མེད་རིང་མཚམས་འཇོག་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་པས། ཨ་རི་དང་རྒྱལ་སྤྱིའི་གནམ་ཐང་མང་པོ་ཞིག་ནང་། ཁ་ཆེ་ལུང་པ་བདུན་ནས་ཡིན་པའི་མི་སེར་མང་པོ་ཞིག་བཀག་འགོག་དང་ཕྱིར་སློག་གི་གནས་ཚུལ་བྱུང་ཡོད་འདུག་པས། ཨ་རིའི་ནང་མི་མང་སྟོང་ཕྲག་མང་པོས་ཨ་རིའི་གནམ་ཐང་ཁག་དང་། ཕོ་བྲང་དཀར་པོ། ནིའུ་ཡོག་ཏུ་ཡོད་པའི་ཊོམ་གྱི་ཁང་བརྩེགས་སོགས་ཀྱི་མདུན་དུ་ངོ་རྒོལ་ཤུགས་ཆེན་ཉིན་གཉིས་རིང་བྱས་ཡོད་འདུག

170128162300-06-protest-at-jfk-0128-exlarge-169ཨ་རིའི་གནམ་ཐང་ཁག་ལ་བཀར་ཉར་བྱས་པའི་མི་ཁག་ཅིག་གློད་གྲོལ་ཐོབ་ཡོད་འདུག་ཀྱང་། ད་ལྟའི་ཆར་བཀའ་རྒྱ་དེ་ལ་བརྟེན་ནས་རྒྱལ་སྤྱིའི་གནམ་ཐང་གཞན་ཁག་ལ། མི་ག་ཚོད་ཨ་རིར་འཕུར་མཁན་གྱི་གནམ་གྲུའི་ནང་འཛུལ་མ་བཅུག་པ་དང་། ཨ་རིའི་གནམ་ཐང་ཁག་ལ་མི་ག་ཚོད་བཀག་ཉར་དང་ཕྱིར་སློག་བྱས་ཡོད་པའི་ཁ་གྲངས་གསལ་པོ་ཞིག་རག་གི་མེད་པ་རེད།

ཨ་རིའི་ནང་གི་ཁྲིམས་རྩོད་པ་ཁག་ཅིག་གིས་ཉིན་༩༠ རིང་ཁ་ཆེ་བ་མང་ཤོས་ཡིན་མཁན་གྱི་ལུང་པ་བདུན་གྱི་མི་སེར་བཀག་འགོག་གི་བཀའ་རྒྱ་དེར་ཞུ་གཏུགས་བྱས་ཡོད་འདུག་པ་དང་། ཨ་རིའི་ཁྲིམས་ཞིབ་འགན་འཛིན་༡༦ གིས་རྩ་ཁྲིམས་དང་འགལ་བའི་བཀའ་རྒྱ་དེར་ཁ་གཏད་གཅག་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་འདུག

མི་མང་དང་ཁྲིམས་དཔོན། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་གི་མི་སེར་སོགས་ཀྱིས་བཀའ་རྒྱ་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་སྐབས། དེ་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཁག་ཅིག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཡོད་འདུག སྲིད་འཛིན་ཊོམ་གྱིས་བཀའ་རྒྱ་དེ་ནི་ཆོས་ལུགས་དང་འབྲེལ་བ་མེད་ཁར། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཇིགས་སྐུལ་རིང་ལུགས་པར་འབྲེལ་བ་ཡོད་སྐོར་བརྗོད་ཡོད་འདུག

སྲིད་འཛིན་ཊོམ་གྱིས་དེ་སྔོན་འོས་བསྡུའི་ཁྱབ་བསྒྲགས་སྐབས་ཀྱི་ཁས་ལེན་བྱས་པའི་གནད་དོན་མང་པོ་ཞིག་དངོས་སུ་ལག་བསྟར་བྱེད་བཞིན་པར། འཛམ་གླིང་ནང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༥༠ ཀློག་གྲངས།