ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་གོ་ལ་གཞན་གྱི་མཁའ་སྐྱོད་དངོས་གཟུགས་མཐོང་བ།

ཟླ་༡ པོའི་ནང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་གསང་བའི་ཡིག་ཆ་ཤོག་ལྷེ་ས་ཡ་༡༣ བྱས་པ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེའི་ཁོངས་སུ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ངོས་འཛིན་དཀའ་བའི་མཁའ་སྐྱོད་དངོས་གཟུགས་འཕུར་བ་ཐེངས་༦ མཐོང་ཡོད་པའི་གནས་ཚུལ་སྐོར་ཡོད་འདུག

16358928_1398691356821396_281236953_nདེ་ཡང་ཟླ་༡ པོའི་ཚེས་༣༡ ཉིན་ཨུ་རུ་སུའི་བརྒྱུད་ལམ་སི་པ་ཊེ་ནིག་ཅེས་པའི་ཐོག་གནས་ཚུལ་བཀོད་གསལ། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་གསང་བ་ཕྱིར་བསྒྲགས་བྱས་པའི་ཡིག་ཆའི་ཁུངས་ལས། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨ་རི་གཅིག་པུའི་ནང་དུ་ངོས་འཛིན་དཀའ་བའི་མཁའ་སྐྱོད་དངོས་གཟུགས་ཀྱི་གནས་ཚུལ་སྐོར་ལ་དོ་སྣང་ཡོད་པ་ཙམ་མ་ཡིན་པར། ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཡང་གནས་ཚུལ་དེའི་རིགས་བྱུང་བར་དོ་སྣང་བྱེད་ཀྱི་ཡོད་འདུག

ཕྱི་ལོ་༡༩༦༨ ལོའི་ཟླ་༢ པའི་ཚེས་༡༩ ཉིན་གྱི་དགོང་དྲོའི་ཆུ་ཚོད་༩ པར། འོད་གསལ་ཆེ་བའི་དངོས་གཟུགས་ཤིག་བལ་ཡུལ་གྱི་བྱང་ཤར་དང་སྒང་ཏོག་གི་ནམ་མཁར་མགྱོགས་མྱུར་ངང་སྐྱོད་བཞིན་པ་མཐོང་ཡོད་འདུག

དེ་བཞིན་ཕྱི་ལོ་༡༩༦༨ ལོའི་ཟླ་༢ པའི་ཚེས་༢༡ ཉིན་འབྲུག་གི་རྒྱལ་ས་ཐིམ་བུའི་ནམ་མཁའ་ལ་ངོས་འཛིན་དཀའ་བའི་མཁའ་སྐྱོད་དངོས་གཟུགས་ཤིག མགྱོགས་མྱུར་ངང་སྐྱོད་བཞིན་པ་དང་། དེའི་ཚོན་མདོག་སྔོན་པོ་འཚེར་བ། སྐད་མེད་པའི་ངང་སྐྱོད་བཞིན་ཡོད་པ་མཐོང་ཡོད་འདུག ཡིག་ཆའི་ནང་མཁའ་སྐྱོད་དངོས་གཟུགས་དེ་ཐིམ་བུའི་ཤར་ནས་ནུབ་ཏུ་འགྲོ་བཞིན་ཡོད་པ་དང་། དེ་ཡང་ཐིམ་བུའི་ཤར་ཕྱོགས་ལ་རྒྱ་གར་གྱི་མངའ་ཁུལ་དང་། དངོས་གཟུགས་དེའི་འཕུར་ལམ་ནི་བྱང་ཤར་ནས་ལྷོ་ནུབ་ཡིན་པས། དེ་ནི་བོད་ཁུལ་ནས་ཡོང་བ་ཡིན་སྐོར་བཀོད་ཡོད་འདུག

དེ་བཞིན་ཡིག་ཆ་དེ་དག་ནང་བལ་ཡུལ་དང་ལ་དྭགས་སོགས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་མཁའ་སྐྱོད་དངོས་གཟུགས་རིགས་འདྲ་མིན་མཐོང་བའི་གནས་ཚུལ་བཀོད་ཡོད་འདུག

འཛམ་གླིང་ས་གནས་གང་སར་ངོས་འཛིན་དཀའ་བའི་མཁའ་སྐྱོད་དངོས་གཟུགས་མཐོང་བའི་གནས་ཚུལ་མང་པོ་འབྱུང་གི་ཡོད་པ་དང་། མི་མང་པོ་ཞིག་གིས་དེ་དག་ས་གོ་ལ་གཞན་ནས་ཡོང་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ད་བར་དེ་དག་གང་ནས་ཡོང་བ་དང་ག་རེའི་ཆེད་དུ་ཡོང་བ་ཡིན་པའི་གནས་ཚུལ་ཁ་གསལ་རྩད་གཅོད་བྱེད་ཐུབ་ཡོད་མེད་སྐོར་ཕྱིར་བསྒྲགས་བྱས་མེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༦ ཀློག་གྲངས།