ཡེ་ཤུའི་ཆོས་དཔོན་གྱིས་རྒྱ་ནག་གཞུང་གི་བྱེད་ལས་དཀར་པོ་བཟོས་པ་རེད་ཟེར།

ཡེ་ཤུ་ཆོས་དཔོན་ཧྥེ་རེན་སིས་ཐད་དཀར་འཛིན་སྐྱོང་བྱེད་བཞིན་པའི་ཝེག་ཀྲི་ཁེན་གྲོང་ཁྱེར་དུ། དབང་པོ་ནག་ཚོང་དང་འབྲེལ་བའི་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གི་ལས་བྱེད་མཐོ་གྲས་ཤིག་གདན་ཞུ་བྱས་པར། ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་དང་རྒྱ་ནག་གཞུང་གི་བྱེད་ལས་དཀར་པོ་བཟོ་བ་ཡིན་སྐོར་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག

16652852_1405268646163667_1750803326_nདེ་ཡང་ཟླ་འདིའི་ཚེས་༧ ཉིན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ཞོགས་འཕྲིན་སྟེང་གནས་ཚུལ་བཀོད་གསལ། ཟླ་འདིའི་ཚེས་༦ ཉིན་ཡུ་རོབ་ཝེག་ཀྲི་ཁན་གྲོང་ཁྱེར་དུ་ཚོགས་པའི་དབང་པོ་ནག་ཚོང་སྐོར་གྱི་ལྷན་ཚོགས་ཐོག དེ་སྔོན་རྒྱ་ནག་འཕྲོད་བསྟེན་ལས་ཁང་གི་བློན་ཆེན་གཞོན་པ་ཟུར་བ་དང་། ད་ལྟའི་རྒྱ་ནག་གི་མིའི་དབང་པོ་ཞལ་འདེབས་དང་བརྗེ་ལེན་ལྷན་ཚོགས་ཀྱི་འགན་འཛིན་ཧུང་ཇི་ཧྥུ་མཉམ་ཞུགས་བྱས་ནས། རྒྱ་ནག་གཞུང་གིས་ད་ལྟའི་ཆར་སྲོག་ཐོག་གི་ཁྲིམས་བཅད་བཏང་ཟིན་པའི་བཙོན་པའི་དབང་པོ་བརྗེ་ལེན་བྱེད་ཀྱི་མེད་སྐོར་བརྒྱུད་ལམ་དུ་ནན་སྐུལ་བྱས་ཡོད་འདུག

དེ་བཞིན་ཁོང་གིས་ཕྱི་ལོ་༢༠༡༥ ལོའི་ཟླ་༡ པོའི་ཚེས་༡ ཉིན་ནས་རྒྱ་ནག་ནང་དང་བླངས་ཀྱིས་དབང་པོ་ཞལ་འདེབས་རྒྱག་མཁན་རྣམས་བརྗེ་ལེན་བྱེད་པའི་ཁྲིམས་མཐུན་གྱི་ཡོངས་ཁུངས་གཅིག་པུ་ཆགས་ཡོད་པ། དེ་བཞིན་རྒྱ་ནག་གི་དབང་པོ་བརྗེ་ལེན་གྱི་ལས་རིམ་དེ་བཅོས་བསྒྱུར་བྱེད་པར་དལ་པོ་དང་ཁག་པོ་བྱུང་ཡོད་པ་དང་། ལས་རིགས་དེ་དག་ཁྲིམས་ཐོག་ནས་སྟངས་འཛིན་བྱེད་འགོ་ཚུགས་ནས་བཟུང་ཡར་རྒྱས་ཆེན་པོ་ཡོད་ཀྱང་། ད་དུང་ཡར་རྒྱས་འགྲོ་རྒྱུ་བསྡད་ཡོད་པ། རྒྱ་ནག་ནང་དང་བླངས་ཐོག་ནས་དབང་པོ་ཞལ་འདེབས་སྤྲོད་མཁན་ཕྱི་ལོ་༢༠༡༥ ནས་༢༠༡༦ བར་བརྒྱ་ཆ་༥༠ འཕར་ཡོད་པས། ལོ་ལྔའི་ནང་རྒྱ་ནག་ནང་དབང་པོ་ཞལ་འདེབས་སྤྲོད་མཁན་གྱི་ཁ་གྲངས་ཨ་རི་ལས་མང་བ་ཆགས་རྒྱུ་ཡིན་ཡང་། རྒྱ་ནག་ལ་ད་དུང་རོགས་པ་དགོས་ཀྱི་ཡོད་པས། ལྷན་ཚོགས་དེར་སློབ་སྦྱོང་དང་རྒྱ་ནག་ནང་ག་རེ་བྱུང་གི་ཡོད་སྐོར་འགྲེལ་བརྗོད་བྱེད་པར་ཚོགས་ཐོག་ཏུ་ལྷན་ཞུགས་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ལྷན་ཚོགས་དེ་ཟླ་འདིའི་ཚེས་༧ ཉིན་འགོ་འཛུགས་བྱས་ཡོད་པ་དང་། ཁོང་གིས་དེར་གཏམ་བཤད་བྱ་རྒྱུ་ཡིན་འདུག་པས། འགྲོ་བ་མིའི་ཐོབ་ཐང་དང་དབང་པོ་ནག་ཚོང་ཐོག་རྟོག་ཞིབ་བྱེད་མཁན་གྱི་ཚོགས་པ་ཚོས། ཝེག་ཀྲི་ཁན་གྲོང་ཁྱེར་གྱིས་རྒྱ་ནག་གི་བྱེད་ལས་དཀར་པོ་བཟོ་ཡི་ཡོད་སྐོར་སྐྱོན་བརྗོད་བྱས་འདུག་ཀྱང་། གྲོང་ཁྱེར་དེའི་ཆོས་དཔོན་མཐོ་རིམ་ཞིག་གིས་གདན་ཞུ་དེར་མུ་མཐུད་རྒྱབ་སྐྱོར་བྱས་པ་དང་འབྲེལ། ལྷན་ཚོགས་དེ་ནི་ཤེས་ཡོན་མ་གཏོགས་ཆབ་སྲིད་དང་འབྲེལ་བ་མེད་སྐོར་བརྗོད་ཡོད་འདུག་པས། དེ་ལྟར་བྱེད་དོན་ནི་ཡེ་ཤུ་ཆོས་དཔོན་ཧྥེ་རེན་སི་ཡིས་རྒྱ་ནག་དང་འབྲེལ་ལམ་བསྐྱར་གསོ་བྱས་ཏེ། དེའི་ནང་གི་ཡེ་ཤུ་ཆོས་བརྒྱུད་ཁེ་ཐོ་ལེག་རྗེས་འབྲངས་པ་ས་ཡ་༡༢ རྣམས་ཚུར་འགུག་ཐབས་བྱེད་པ་ཡིན་སྐོར་བརྗོད་མཁན་མང་དག་ཡོད་འདུག

ཕྱི་ལོ་༢༠༡༥ ལོར་ཧུང་ཇི་ཧྥུ་ཡིས་རྒྱ་ནག་གིས་སྲོག་ཐོག་ཁྲིམས་བཅད་བཏང་ཟིན་པའི་བཙོན་པའི་དབང་པོ་བརྗེ་ལེན་བྱེད་ཀྱི་ཡོད་ཁར། རྒྱ་ནག་ནང་གི་དབང་པོ་བརྗེ་ལེན་ཡོངས་ཁུངས་བརྒྱ་ཆ་༩༠ དེ་སྲོག་ཐོག་ཁྲིམས་བཅད་བཏང་ཟིན་པའི་བཙོན་པ་ལས་ཡོང་གི་ཡོད་སྐོར་ཡོངས་གྲགས་ངོས་ལེན་བྱས་ཡོད་འདུག

དེ་བཞིན་རྒྱ་ནག་ནང་དབང་པོ་བརྗེ་ལེན་གྱི་དགོས་མཁོའི་ཁ་གྲངས་དེ་དང་བླངས་ཞལ་འདེབས་སྤྲོད་མཁན་གྱི་ཁ་གྲངས་ལས་ཤིན་ཏུ་མཐོ་བ་ཡོད་པས། རྒྱ་ནག་གཞུང་གིས་བཙོན་པའི་དབང་པོ་བེད་སྤྱད་ཀྱི་མེད་སྐོར་གྱི་སྐད་ཆ་དེར་ཡིད་ཆེས་བྱེད་མཁན་ཉུང་ཉུང་ཡིན་འདུག

རྒྱ་གར་ནང་གི་ཇོར་ཇེ་འཛམ་གླིང་འཕྲོད་བསྟེན་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་ཝི་ཝིག་ཇཱ་ཡིས། རྒྱ་ནག་གཞུང་གིས་གང་བཤད་པ་དེར་ཡིད་ཆེས་བྱས་ན་ལྐུགས་པ་ཡིན་ཡང་། ཁོ་ཚོ་དང་སྐད་ཆ་བཤད་རྒྱུ་དེ་གལ་ཆེན་ཡིན་པ་དང་། རྒྱུ་མཚན་ནི་སྐད་ཆ་དང་གྲོས་མོལ་དེའི་རིགས་ནང་རྒྱ་ནག་མཉམ་ཞུགས་བྱས་ཏེ། ཁོ་ཚོས་དགོས་ངེས་ཀྱི་འགྱུར་བ་ཞིག་གཏོང་བའི་རེ་བ་བཅང་དགོས་ཁར། དོགས་པ་མུ་མཐུད་བྱེད་དགོས་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༢༥༧ ཀློག་གྲངས།