༢༠༡༦ ལོར་བོད་ནང་ཤེས་རྟོགས་བྱུང་བ་ཆབ་སྲིད་བཙོན་པ་༣༦ བྱུང་འདུག

རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་སྤུ་ཚམ་མེད་པར། མུ་མཐུད་དྲག་པོ་དབང་ཚད་སྤྱད་རྐྱང་བྱེད་བཞིན་ཁར། ཕྱི་ལོ་༢༠༡༦ ལོར་བོད་ནང་དམ་དྲགས་ཤུགས་ཆེ་རུ་ཕྱིན་པས། བོད་ནང་གི་ཆབ་སྲིད་བཙོན་པའི་གནས་ཚུལ་རག་ཁག་ཏུ་ཕྱིན་ཡོད་པ་དང་། ལོ་དེར་ཆབ་སྲིད་བཙོན་པ་༣༦ བྱུང་བ་ཤེས་རྟོགས་ཐུབ་ཡོད་འདུག

16933905_1420332511323947_739454247_nཟླ་འདིའི་ཚེས་༢༣ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟ་གནས་ཁང་གིས་ཕྱི་ལོ་༢༠༡༦ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཀྱི་ལོ་འཁོར་སྙན་ཐོ་བཏོན་པའི་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཡོད་པ་རེད།

དེ་ཡང་སྙན་ཐོ་དེའི་ནང་རྒྱ་ནག་གིས་གཙོ་བོ་བོད་ནང་གི་བསམ་བློའི་རང་དབང་དང་སྒེར་གྱི་རང་དབང་ཐོབ་ཐང་། ཆོས་དད་རང་དབང་དང་ཞི་བའི་འདུ་འཛོམས་ཀྱི་རང་དབང་སོགས་ཀྱི་ཐད་ལ་དམ་དྲག་དང་བཀག་སྡོམ་ཤུགས་ཆེན་བྱེད་ཀྱི་ཡོད་པའི་གནས་ཚུལ་གཙོ་འདོན་བྱས་འདུག

ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་ཟླ་བས། རྒྱ་ནག་གཞུང་གིས་དྲག་སྤྱོད་ལ་རྒོལ་བའི་ཁྲིམས་དང་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་སོགས་ཁྲིམས་སྒྲིག་འདྲ་མིན་ངོ་སྤྲོད་དང་གསར་བཟོ་བྱས་ཏེ། བོད་མིའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་ཁར། བོད་ནང་གི་ཟིན་བྲིས་པ་དང་རྩོམ་པ་པོ་སོགས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན། དེ་བཞིན་བོད་ནང་གི་གནས་ཚུལ་ཕྱིར་གཏོང་མཁན་སོགས་ལ་ནག་ཉེས་བཙུགས་ཏེ་ཁྲིམས་ཐག་གཅོད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

བོད་ནང་ལ་སྒེར་གྱི་རང་དབང་ཐོབ་ཐང་ཐོག་ལ་ལྟེ་གནས་ཁང་གི་ཉམས་ཞིབ་པདྨ་ཆོས་སྒྲོན་གྱིས་བརྗོད་དོན། མི་སྒེར་གྱི་ཁ་པར་དང་གློག་ཀླད་ལ་སོ་ཉུལ། གློག་འཕྲིན་ཁ་བྱང་གི་གསང་ཡིག་སོགས་ལ་རྒྱ་ནག་སྲིད་གཞུང་ལ་རྩིས་སྤྲོད་དགོས་པའི་ཆ་རྐྱེན་བཏོན་པའི་སྒོ་ནས། བོད་ནང་གི་རྩོམ་པ་པོ་དང་སྐད་འཕྲིན་ཐོག་ནས་བོད་དོན་དང་འབྲེལ་བའི་གླེང་མོལ་བྱེད་མཁན་མང་པོ་ཞིག་འཇུ་བཟུང་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་༢༠༡༧ ལོའི་ཟླ་༦ པའི་ནང་ནུས་ལྡན་ཁྲིམས་སུ་ཆགས་ལ་ཉེ་བའི་དྲ་རྒྱ་དོ་དམ་གྱི་ཁྲིམས་སྒྲིག་དག་གིས། བོད་ནང་དུ་སྒེར་གྱི་རང་དབང་ཐོབ་ཐང་ཅི་ཙམ་བརྡལ་བཤིག་དང་རྡོག་རོལ་གཏོང་གི་ཡོད་པ་བཤད་མ་དགོས་པ་ལྟ་བུ་ཡིན་སྐོར་ཡང་གསུངས་སོང་།

དེ་བཞིན་བོད་ནང་གི་སྤྱི་དམངས་དང་ཆབ་སྲིད་ཀྱི་རང་དབང་གི་གནས་སྟངས་དང་འབྲེལ་ནས་བརྗོད་དོན།  བོད་ནང་དུ་ཕར་ཚུར་འགྲོ་བསྐྱོད་དང་ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་བསྐྱོད་ཀྱི་རང་དབང་ལ་བཀག་སྡོམ་བྱེད་བཞིན་པ་མ་ཟད། ལོ་རྒྱུས་ནང་ཐེངས་དང་པོར་ཉེ་ཆར་གྱི་དུས་འཁོར་དབང་ཆེན་སྐབས། རྒྱ་གར་དུ་ཡོང་མཁན་བོད་མི་རྣམས་ལེན་ཆེད་རྒྱ་ནག་གཞུང་གི་ལས་བྱེད་ཆེད་དུ་མངགས་ནས་བལ་ཡུལ་ལ་ཡོང་ཡོད་ཁར། རྒྱ་གར་དུ་སླེབས་མཁན་བོད་མི་ཚོར་ཕྱིར་ལོག་མ་བྱས་ན། མི་གཅིག་ལ་བརྟེན་ནས་གྲོང་གི་མི་ཚང་མའི་ཞིང་ས་དང་རྩྭ་ས་ལ་གཞིགས་པའི་སྐྱོབ་གསོ་བཅད་རྒྱུ་ཡིན་སྐོར་གྱི་འཇིགས་སྐུལ་བྱས་པ་སོགས་ལས། བོད་ནང་གི་བོད་མི་རྣམས་ལ་འགྲོ་བསྐྱོད་ཀྱི་རང་དབང་མེད་པ་གསལ་གྱི་ཡོད་པ། དེ་བཞིན་བོད་མི་ཚོས་རང་གི་ས་ཁང་འཕྲོག་པ་དང་གཏེར་ཁ་སྔོན་འདོན་སོགས་ལ་ངོ་རྒོལ་བྱས་སྐབས། དྲག་གནོན་ཁོ་ན་མ་གཏོགས། གུ་ཡངས་ཤིག་གཏན་ནས་བྱེད་ཀྱི་མེད་པས་འདུ་འཛོམས་ཀྱི་རང་དབང་མེད་སྐོར་འགྲེལ་བརྗོད་བྱས་སོང་།

16933815_1255561591188958_485753015_nདེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པའི་ཐོ་གཞུང་སྐོར་ལ་ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་ཉི་མས་བརྗོད་དོན། ཕྱི་ལོ་༡༩༩༡ ལོ་ནས་ད་བར་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བ་བོད་ནང་གི་ཆབ་སྲིད་བཙོན་པའི་ཐོ་གཞུང་ནང་ཐོ་འགོད་བྱས་པ་མི་གྲངས་༥༠༠༠ ལས་མང་བ་བྱུང་ཡོད་ཁར། ཕྱི་ལོ་༢༠༡༥ ལོར་མི་གྲངས་༡༠༥ དང་ཕྱི་ལོ་༢༠༡༦ ལོར་མི་གྲངས་༣༦ དང་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་མཁན་༤ བྱུང་འདུག དེ་ཡང་ཕྱི་ལོ་༢༠༡༥ དང་༢༠༡༦ ལོར་བོད་ནང་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པས། གནས་ཚུལ་རག་རྒྱུ་ཁག་པོ་དང་། གནས་ཚུལ་ཁག་ཅིག་ཟླ་གཉིས་གསུམ་རྗེས་སུ་རག་པ་བྱུང་གི་ཡོད་འདུག དེ་ཞིན་གནས་ཚུལ་མང་ཆེ་བ་བོད་ཤར་ཕྱོགས་ཁུལ་ལས་རག་གི་ཡོད་པ་ལས། རྒྱ་ནག་གིས་བཟོས་པའི་བོད་རང་སྐྱོང་ལྗོངས་ཁུལ་ནས་གནས་ཚུལ་རག་རྒྱུ་ཤིན་ཁག་པོ་ཡིན་པས། དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་གསལ་པོ་ཡིན་སྐོར་བརྗོད་སོང་།

བོད་ནང་གི་ཆོས་ལུགས་རང་དབང་གི་གནས་སྟངས་ཐོག་ལ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་བརྗོད་དོན། སྤྱིར་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་ཆོས་ལུགས་ལ་དད་མོས་ཀྱི་རང་དབང་ཞེས་པའི་ཚིག་ལས། ཆོས་ལུགས་རང་དབང་ཞེས་པའི་རྒྱལ་སྤྱིའི་ཡོངས་ཁྱབ་ཀྱི་ཚིག་དེ་འཁོད་མེད་པ། དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༧ ལོ་ནས་བོད་ནང་གི་སྤྲུལ་སྐུའི་ལམ་ལུགས་ལ་ཐེ་ཇུས་བྱས་ཏེ། སྲིད་གཞུང་གི་ལག་ཆར་བེད་སྤྱོད་བྱེད་ཐབས་བྱེད་བཞིན་ཡོད་པ། བོད་ནང་དུ་རྒྱ་ནག་གཞུང་གིས་དུས་འཁོར་དབང་ཆེན་ཚོགས་ཏུ་བཅུག་ནས་དེ་ག་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཞིན་པ་དང་། ཉེ་ཆར་རྒྱ་གར་དུ་༧གོང་ས་མཆོག་གིས་བརྩལ་བའི་དུས་དབང་སྐབས། བོད་ནས་ཡོང་མཁན་བོད་མི་མང་པོ་ཞིག་ལ་འཇིགས་སྐུལ་བྱས་ནས་ཕྱིར་ལོག་བྱེད་དགོས་བྱུང་བ་དག་ལས། བོད་ནང་ཆོས་ལུགས་རང་དབང་མེད་པ་གསལ་པོ་ཡིན་སྐོར་གསུངས་པ་སོང་།

དེ་བཞིན་ཁོང་གིས་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་བརྗོད་དོན། བོད་ཀྱི་ས་ཁུལ་མང་པོ་ཞིག་རྒྱ་ནག་གཞུང་གིས་རང་བྱུང་སྲུང་སྐྱོབ་ཀྱི་མིང་འཁྱེར་ནས། བོད་མི་རྣམས་ས་དེ་དག་ནས་གནས་སྤོ་བྱེད་དུ་བཅུག་ནས་འབྲོག་ས་ཇེ་ཉུང་དུ་གཏོང་བཞིན་ཁར། འཕེལ་རྒྱས་ཀྱི་མིང་འཁྱེར་ནས་ས་ཁུལ་དེ་དག་ལ་གཏེར་ཁ་སྔོག་འདོན་སོགས་ཁོར་ཡུག་ལ་གནོད་པའི་ལས་ཀ་བྱེད་ཀྱི་ཡོད་པ། དེ་བཞིན་རྒྱ་ནག་ནང་རྡོ་སོལ་བེད་སྤྱོད་ཉུང་དུ་གཏོང་རྒྱུ་ཡིན་སྐོར་བརྗོད་ནས། བོད་ཀྱི་གཙང་པོར་ཆུ་མཛོད་མང་པོ་རྒྱག་བཞིན་ཁར། ཆུ་ཁ་བསྒྱུར་བ་སོགས་ཁོར་ཡུག་གཏོར་སྐྱོན་གྱི་ལས་ཀ་ཚབས་ཆེན་བྱེད་བཞིན་པས། བོད་ནང་གི་ཁོར་ཡུག་གནས་སྟངས་ཤིན་ཏུ་ཛ་དྲག་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།

དེ་བཞིན་སྔར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་དག་ལ་ཉེས་པ་ག་རེ་འགེལ་གྱི་ཡོད་མེད་ཤེས་ཀྱི་མེད་པ་རེད་དེ། ཉེ་ཆར་ཕྱི་ལོ་༢༠༠༩ ལོར་བོད་ནང་དུ་རང་ལུས་མེར་སྲེག་ཐོག་མར་གནང་མཁན་བཀྲ་བྷེ་ལ་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་བཀལ་ཡོད་པས། དེ་ལས་གསལ་པོ་ཆགས་སྐོར་དང་། དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་དམ་དྲག་ཤུག་ཆེན་བྱེད་ཀྱི་ཡོད་པས། བོད་ཕྱི་ནང་གཉིས་ལ་སྡོད་མཁན་གྱི་བོད་མི་ཚོས་ཕན་ཚུན་སྐད་འཕྲིན་སོགས་བརྒྱུད་ནས་སྐད་ཆ་བཤད་སྐབས། ཆབ་སྲིད་དང་འབྲེལ་བའི་སྐད་ཆ་མི་ཤོད་པར་རང་ངོས་ནས་ཞིབ་བཤེར་སྟངས་འཛིན་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

ཐེངས་འདིར་ལྟེ་གནས་ཁང་གིས་བཏོན་པའི་ལོ་འཁོར་སྙན་དེབ་དེའི་རྒྱབ་ཤར་པར་རིས་མེད་ཁར་ནག་པོ་བཟོས་ཡོད་པས། དེ་ཡང་བོད་ནང་མུན་ནག་དང་བཙོན་ཁང་ལྟ་བུའི་གནས་སྟངས་ཡིན་པ་མཚོན་གྱི་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༤༢ ཀློག་གྲངས།