བོད་མི་ཞིག་འཁྲབ་སྟོན་མི་སྣ་རྩེ་ཕུད་འོས་མིར་འདེམས་ཐོན།

ཨ་རིའི་ནིའུ་ཡོག་ཏུ་ཟླ་འདིའི་ཚེས་༡༤ ནས་༡༩ བར་འཚོག་རྒྱུ་ཡིན་པའི་ཁེའུན་སེ་འཛམ་གླིང་གློག་བརྙན་དུས་སྟོན་ལ། བོད་ཀྱི་དཔའ་བོ་ཞེས་པའི་གློག་བརྙན་འཁྲབ་སྟོན་གྱི་མི་སྣ་གཙོ་བོ་ཤཱ་བོ་རྡོ་རྗེ་དུས་སྟོན་དེའི་ཁྲོད་ཀྱི། གློག་བརྙན་དུས་ཚོད་རིང་བའི་སྐྱེས་པའི་འཁྲབ་སྟོན་པ་རྩེ་ཕུད་ཀྱི་འོས་མིའི་ཁོངས་སུ་ཚུད་ཡོད་འདུག

17203643_1430960113594520_514086028_nདེ་བཞིན་དཔའ་བོ་གློག་བརྙན་དེ་གློག་བརྙན་རྩེ་ཕུད་དང་པར་བཀོད་རྩེ་ཕུད་ཀྱི་སྡེ་ཚན་ཁོངས་སུ་འོས་འདེམས་བྱུང་ཡོད་འདུག སྤྱིར་དཔའ་བོ་གློག་བརྙན་དེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོ་ཞིག་ནང་རྩེ་ཕུད་ཀྱི་སྡེ་ཚན་མང་པོའི་ནང་འདེམས་ཐོན་དང་བྱ་དགའ་ཐོབ་པ་བྱུང་ཡོད་ཀྱང་། འཁྲབ་སྟོན་མི་སྣ་ཞིག་འཁྲབ་སྟོན་པ་རྩེ་ཕུད་ཀྱི་འོས་མིར་བཙན་བྱོལ་བོད་མི་ཞིག་ཚུད་པ་ཐེངས་དང་པོ་ཡིན་པ་རེད།

ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་ནང་ཨ་རིར་འཚོགས་པའི་རྒྱལ་སྤྱིའི་རང་དབང་ཅན་གྱི་གློག་བརྙན་དུས་སྟོན་ཐོག གློག་བརྙན་“དཔའ་བོ་”ཞེས་པ་དེར། སྒྲུང་དང་གློག་བརྙན་གྱི་རོལ་དབྱངས་གཉིས་ལ་གསེར་གྱི་རིམ་པའི་རྩེ་ཕུད་བྱ་དགའ་རེ་ཐོབ་པ་དང། གློག་བརྙན་གྱི་དཔར་བཀོད་ལ་གསེར་དཀར་པོའི་རིམ་པའི་རྩེ་ཕུད་བྱ་དགའ་ཐོབ་ཡོད་འདུག

གློག་བརྙན་དེའི་འཁྲབ་ཁྲིད་པ་གཙོ་བོ་མཱར་ཝེན་གྱིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྐོར་ཇར་མན་གྱི་དུས་དེབ་ཅིག་ནང་བཀླགས་རྗེས། སེམས་འགུལ་ཆེན་པོ་ཐེབས་པ་དང་ཁོང་རྒྱ་གར་ལྡི་ལིར་སླེབས་ཏེ། འཇམ་དཔལ་ཡེ་ཤེས་ཀྱི་གྲོགས་པོ་དང་ངོ་ཤེས་པ་རྣམས་ལ་ཐུག་ནས་ཁོང་གི་ལོ་རྒྱུས་རྣམས་རིམ་བཞིན་ཤེས་རྗེས། གློག་བརྙན་དེ་ དྷ་ས་དང་ལྡི་ལི་བོད་ཀྱི་གཞིས་སྒར་བསམ་ཡས་གླིང་དང་། ལ་དྭགས་སོགས་ལ་འཁྲབ་ནས་པར་བསྐྲུན་བྱས་ཡོད་འདུག འཁྲབ་ཁྲིད་པ་གཞོན་པ་བསོད་ནམས་ཚེ་བརྟན་ཡིན་པ་དང། འཁྲབ་སྟོན་མི་སྣ་གཙོ་བོ་དེ་བོད་མི་གཞོན་སྐྱེས་ཤཱ་བོ་རྡེ་རྗེ་ཡིན་པ་རེད།

༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་རྒྱལ་དོན་མཚམས་གཟིགས་སུ་ཡོང་བ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལི་རུ་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་གོ་སྒྲིག་བྱས་པ་དང་། སྐབས་དེའི་ཕྱི་ཟླ་༣ ཚེས་༢༦ ལྡི་ལིར་རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། སྨན་ཁང་དུ་མྱུར་སྐྱོབ་ཆེད་ཁྲིད་ནའང་། ཚེས་༢༨ ཉིན་གྱི་སྔ་དྲོ་སྐུ་གྲོངས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༩༩ ཀློག་གྲངས།