དགའ་ཤར་མཁན་ཟུར་སྐྱབས་རྗེ་བླ་ཏི་རིན་པོ་ཆེ་སྐུ་གཤེགས་པ།

དེ་ཡང་རྒྱུད་སྟོད་མཁན་རིན་པོ་ཆེ་མཆོག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་དོན་དུ། དགེ་བའི་བཤེས་གཉེན་ཆེན་པོ་མཁས་པའི་དབང་པོ་བླ་ཏི་རིན་པོ་ཆེ་ནི་ཕྱི་ལོ་༡༩༢༢ ལོར་ཁམས་ཡ་ར་དྲག་བྱ་དགོན་པའི་ཕྱོགས་སུ་ཡབ་གསུང་རབ་དང་ཡུམ་ཡེ་ཤེས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་༡༠ ལ་སོན་དུས་དྲག་བྱ་དགོན་དུ་ཆོས་ཞུགས་གནང་ཡོད་པ་དང། རྗེས་སུ་གྲྭ་སར་ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང། རིམ་གྱིས་མདོ་སྔགས་གཉིས་ལ་གསན་བསམ་རྒྱ་ཆེ་གནང་ནས་མཁས་པའི་སྙན་གྲགས་ཕྱོགས་ཀུན་ལ་ཁྱབ།
བོད་དུ་དུས་འགྱུར་བྱུང་རྗེས་གནས་སྐབས་སྦག་ས་ཆོས་སྒར་དུ་བཞུགས་ཡོད་པ་དང། དེ་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་དྷ་སར་ཕེབས་ནས། ༧གོང་ས་མཆོག་གི་མཚན་ཞབས་ཀྱི་འགན་ཁུར་ཞུས་ཡོད་པ་དང། དེ་བཞིན་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ་དང་། སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་དང་༧གོང་ས་མཆོག་གི་སྐུ་མདུན་ནས་དབང་ལུང་མན་ངག་ཆ་ཚང་བ་ཞུས་ཏེ་གསན་བསམ་རྒྱ་ཆེར་གནང་པ་དང་སྦྲགས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་སྐྱབས་རྗེ་ཟོང་རིན་པོ་ཆེ་རྣམ་གཉིས་ཀྱི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་གནང་ཡོད་པ་དང། དེ་བཞིན་ཤར་རྩེ་གྲྭ་ཚང་གི་བླ་སྤྲུལ་རྣམ་པ་གཙོ་བོར་གྱུར་པའི་གྲྭ་མང་གི་དཔེ་འཁྲིད་ཞུ་ཡུལ་དང་། དོགས་གནད་ཞུ་ས་གཙོ་བོ་ཡིན་འདུག
དགོངས་པ་ཆོས་དབྱིངས་སུ་མ་གཤེགས་པའི་སྔོན་དུ། ཞལ་ལག་ལ་དང་ག་མེད་པ་ཙམ་ལས་བསྙུན་གཞི་དམིགས་བསལ་བཞེས་མེད་པ་དང། དེ་བཞིན་གཙུག་ལག་ཁང་དུ་ཞབས་སྐོར་ཕེབས་པ་དང་སྐུ་བསིལ་པ་སོགས་ཀྱི་མཛད་པ་བསྐྱངས་ཡོད་ཅིང་། ཟླ་འདིའི་ཚེས་༡༢ ཉིན་གྱི་སྔ་དྲོར་བཞུགས་ཁྲིར་འཁོད་དེ་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད།

Share this:
༣༧ ཀློག་གྲངས།