གསེར་རྟ་རྫོང་ཐོག་ཏུ་སློབ་ཆུང་སློབ་མའི་ངོ་རྒོལ།

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བློ་བཟང་ལགས་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོའི་ལོ་སར་ནས་བཟུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་ས་ཁུལ་གྱི་བོད་མི་ཚོས་བསྟུད་མར་ཐེངས་ ༨  ལ་ཞི་བའི་ངོ་རྒོལ་བྱས་ཡོད་ཅིང་།   ཟླ་འདིའི་ཚེས་  ༨ ཀྱི་ཉིན་གུང་གི་མཚམས་སུ་ཉེ་ཆར་འཛིན་བཟུང་བྱས་པའི་དགེ་འདུན་པ་གཉིས་ལ་རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཀལ་ཏེ།  གཅར་རྡུང་བྱེད་བཞིན་རྫོང་གི་ཁྲོམ་གཞུང་དུ་རྔམ་སྟོན་ཁྲོམ་སྐོར་དུ་ཁྲིད་ཡོད་པར། དེར་ཡོད་མི་མང་གིས་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་འདུག་ལ། ཕྱིས་སུ་མཁར་སློབ་ཆུང་གི་ཉེ་འགྲམ་དུ་སླེབས་མཚམས་སུ་དེར་ཡོད་སློབ་ཕྲུག་ཚོས་རྡོ་གཞུས་པས་རླངས་འཁོར་གྱི་ཤེལ་སྒོ་བཅག་པ་དང་དམག་མི་དང་ཉེན་རྟོག་པ་ལའང་རྡོ་ཕོག་ཡོད་འདུག  རྗེས་སུ་སློབ་ཕྲུག་ཚོས་སློབ་གྲྭའི་ཉེ་འཁོར་དང་དགེ་རྒན་གྱི་མདུན་ཅོག་སོགས་ཀྱི་སྟེང་བོད་ལ་རང་བཙན་དགོས་པའི་སྦྱར་ཡིག་བཀྲམས་ཡོད་སྟབས། རྒྱ་གཞུང་གིས་སློབ་ཕྲུག་ ༣༠  ལྷག་འཇུས་ཡོད་འདུག་ལ།  སློབ་ཕྲུག་མང་ཆེ་བ་གློད་གྲོལ་བཏང་ཡོད་ཀྱང་། དེའི་ཁྲོད་ཀྱི་སློབ་མ་ ༡༠ ལྷག་ལ་རྒྱ་སྒོར་ ༢༠༠༠ རེའི་ཉེས་ཆད་བཅད་དེ། དེང་ཕྱིན་ལས་འགུལ་དེའི་རིགས་ལ་མི་ཞུགས་ཆེད་ཕ་མས་འགན་ལེན་དང་མིང་རྟགས་མ་བཀོད་པར་གློད་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་འདུག

ཐེངས་འདིའི་ངོ་རྒོལ་བྱེད་མཁན་གྱི་སློབ་མ་མང་ཆེ་བ་སློབ་ཆུང་གི་སློབ་མ་རྐྱང་ཡིན་ཡང། རྒྱ་གཞུང་གིས། རང་ལོ ༡༦ ཡན་གྱི་སློབ་མ་ཁག་ཅིག་ལ་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པར་མ་ཟད།  ད་ཆ་འཛིན་རིམ་དྲུག་པ་ཡིན་ཞིང་ཐ་ཙི་ཞང་གི་སློབ་བུ་དོན་ཡོན་འབོད་པ་སློབ་གྲྭའི་སྒྲིག་ཁོངས་ནས་ཕྱིར་ཕུད་བཏང་ཡོད་འདུག་ལ། རྫོང་མཁར་སློབ་ཆུང་གི་སློབ་མ་ཚོས་ངོ་རྒོལ་བྱས་ཏེ་དམག་མི་དང་ཉེན་རྟོག་མི་སྣར་རྡོ་ཕོག་པའི་ཐད་རྒྱ་སྒོར་ཁྲི་  ༡ གིས་ཉེས་ཆད་བཅད་ཡོད་པ་དང་། ཐེངས་འདིའི་དོན་རྐྱེན་དེ་དགེ་རྒན་གྱི་སློབ་གསོས་མ་འདང་བའི་དབང་གིས་བྱུང་བ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་ཅིང་།   ད་ལྟའི་ཆར་དྲག་ཆས་དམག་མི་རླངས་འཁོར་བཅོ་བརྒྱད་གསར་ཏུ་འབྱོར་ཏེ་དམ་དྲག་ཁྲོད་ལྷག་ཡོད་འདུག

Share this:
༣༤ ཀློག་གྲངས།