དགུ་པའི་བཅུ་གཅིག་དོན་རྐྱེན་དང་འབྲེལ་ནས་སོ་ཌི་ཨ་རབ་ཀྱི་གཞུང་ཁྲིམས་གཏུག

ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་ཨ་རིའི་ནང་དུ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨལ་ཁེའུ་ཌས་དྲག་རྒོལ་བྱས་པའི་གནས་ཚུལ་དང་འབྲེལ་ནས། ཤི་པོ་དང་རྨས་སྐྱོན་ཕོག་མཁན་གྱི་ནང་མི་མང་པོ་ཞིག་གིས། དྲག་རྒོལ་དེར་མཐུན་རྐྱེན་སྦྱོར་མཁན་སོ་ཌི་ཨ་རབ་ཀྱི་གཞུང་ཡིན་པའི་ཉེས་འཛུགས་འོག་ཁྲིམས་གཏུག་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༢༢ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་སི་ཨན་ཨན་ཐོག་ཏུ་གནས་ཚུལ་བཀོད་གསལ། ཟླ་འདིའི་ཚེས་༢༠ ཉིན་ཟླ་༩ པའི་༡༡ གི་དྲག་རྒོལ་དེའི་རྐྱེན་པས། ཚེ་སྲོག་ཤོར་མཁན་མི་གྲངས་༨༥༠ དང་རྨས་སྐྱོན་ཕོག་མཁན་མི་གྲངས་༡༥༠༠ ཡི་ནང་མི་ཚོས། ཨ་རིའི་ཁྲིམས་ཁང་ཞིག་ཏུ། སོ་ཌི་ཨ་རབ་ཀྱི་གཞུང་གིས་རང་ཉིད་ཀྱི་བློན་ཆེན་ལས་ཁང་དང་། ལས་བྱེད། རོགས་སྐྱོར་ཚོགས་པ་སོགས་བརྒྱུད་ནས། འཇིགས་སྐུལ་རིང་ལུགས་པ་ཨལ་ཁེའུ་ཌར་དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་སྦྱར་ཡོད་པའི་ཉེས་འཛུགས་ཁྲིམས་གཏུག་བྱས་ཡོད་འདུག

དེ་ཡང་ཉིན་དེའི་དྲག་རྒོལ་སྐབས་གནམ་གྲུ་བཙན་ཁྲིད་བྱེད་པོ་མི་༡༩ ལས་༡༥ ནི་སོ་ཌི་མི་རིགས་ཡིན་པ་དང་། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་གསང་བ་ཕྱིར་བསྒྲགས་བྱས་པའི་ཡིག་ཆ་ཁག་ལས། དྲག་རྒོལ་པ་ཁག་ཅིག་སོ་ཌི་ཨ་རབ་གཞུང་དང་འབྲེལ་བ་ཡོད་པའི་མི་སྒེར་ཁག་ཅིག་དང་འབྲེལ་བ་ཡོད་པ་མ་ཟད། དེ་ཚོས་དྲག་རྒོལ་པ་དེ་དག་ལ་རོགས་སྐྱོར་ཡང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཁྲིམས་གཏུག་བྱེད་མཁན་ཚོའི་ཁྲིམས་རྩོད་པ་སྐུ་ཞབས་ཇིམ་གྱིས། “སོ་ཌི་ཨ་རབ་གཞུང་གི་རྒྱབ་སྐྱོར་མེད་པར། ཟླ་༩ པའི་ཚེས་༡༡ གི་དྲག་རྒོལ་དེ་བྱུང་ཐབས་མེད་པ་རེད་”ཅེས་བརྗོད་ཡོད་འདུག

སི་ཨན་ཨན་བརྒྱུད་ལམ་གྱིས་སོ་ཌི་ཨ་རབ་གཞུང་གི་ངོ་ཚབ་པར། གནད་དོན་དེ་དང་འབྲེལ་ནས་བཅར་འདྲི་བྱེད་ཐབས་བྱས་ཀྱང་། ལན་འདེབས་གང་ཡང་བྱུང་མེད་པ་རེད།

ཕྱི་ལོ་༢༠༠༤ ལོར་དྲག་རྒོལ་དེའི་ཁྲོད་ཤི་པོ་༡༤༠༠ ཡི་ནང་མིས་སོ་ཌི་ཨ་རབ་གཞུང་ལ་ཁྲིམས་གཏུག་བྱས་ཡོད་པ་དང་། རྗེས་སུ་ཁྲིམས་གཏུག་བྱེད་མཁན་ཁུངས་སུ། ཉེན་སྲུང་མ་འཇོག་གི་ཚོང་ལས་ཁང་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ནས། ཁྲིམས་གཏུག་དེ་ད་དུང་ཡང་འགྲོ་བཞིན་ཡོད་འདུག

ཁྲིམས་གཏུག་བྱེད་མཁན་སྡེ་ཚན་གཉིས་ཀྱིས་དྲག་རྒོལ་དེའི་སྐབས་ཤི་རྨས་བྱུང་མཁན་མང་མོས་ཀྱི་ངོ་ཚབ་བྱེད་ཐུབ་ཀྱི་ཡོད་འདུག

ཨ་རིའི་ནིའུ་ཡོག་གི་ཁྲིམས་དཔོན་ཞིག་གིས། ཟླ་འདིའི་ཚེས་༢༣ ཉིན་ཁྲིམས་གཏུག་བྱེད་མཁན་ཁྲིམས་རྩོད་པ་དང་། སོ་ཌི་ཨ་རབ་གཞུང་གི་ངོ་ཚབ་པའི་བར་ལ་ཚོགས་འདུ་ཞིག་བསྐོངས་འཆར་ཡོད་འདུག

དྲག་རྒོལ་དེ་ནི་ཨ་རིའི་ལོ་རྒྱུས་ནང་། འཇིགས་སྐུལ་པས་དྲག་རྒོལ་ཁྱབ་ཆེ་ཤོས་དེར་ངོས་འཛིན་བྱེད་ཀྱི་ཡོད་ཁར། དེ་ལ་བརྟེན་ནས་ཨ་རིས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་རྒྱུ་ཡིན་སྐོར་བཤད་པ་དང་། དམག་མི་ཕོན་ཆེན་བཏང་ནས་འཇིགས་སྐུལ་རིང་ལུགས་པར་དམག་བརྒྱབ་ཡོད་ཀྱང་། འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་མང་དུ་ཕྱིན་ཡོད་ཁར། ཡུ་རོབ་སོགས་རྒྱལ་ཁབ་གཞན་ལ་ཡང་དྲག་རྒོལ་གྱི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་པ་རེད། དེ་བཞིན་ཨ་རིས་དམག་རྒྱག་ཡུལ་དེ་དག་ཏུ་ད་ལྟའང་དམག་འཁྲུག་གི་གནས་ཚུལ་འབྱུང་གི་ཡོད་པས་ཞི་བདེ་ལྷིང་འཇགས་མེད་ཁར། དེ་ལ་བརྟེན་ནས་སྐྱབས་བཅོལ་བ་ས་ཡ་མང་པོ་ཞིག་ཡུ་རོབ་རྒྱལ་ཁབ་ཁག་ཏུ་སླེབས་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༤༩ ཀློག་གྲངས།