དབྱིན་ཡུལ་གྱི་གྲོས་ཚོགས་ཉེ་འགྲམ་ལ་དྲག་རྒོལ་དང་འབྲེལ་ནས་མི་བདུན་འཛིན་བཟུང་།

ཡུ་རོབ་ཀྱི་རྒྱལ་ཁབ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་གྲོས་ཚོགས་ཁང་བརྩེགས་ཉེ་འགྲམ་དུ་དྲག་སྤྱོད་པ་ཞིག་གིས་དྲག་རྒོལ་བྱས་ཏེ། ཁོ་རང་རྩིས་པའི་མི་བཞི་ཡི་ཚེ་སྲོག་ཤོར་བ་དང་། ཉུང་མཐར་ལ་མི་༤༠ ལ་རྨས་སྐྱོན་བཟོས་ཡོད་པ་དང་། གནས་ཚུལ་དེ་དང་འབྲེལ་ནས་མི་བདུན་འཛིན་བཟུང་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༢ ཉིན་ལ་དྲག་སྤྱོད་པ་ཞིག་གིས་ཐོག་མར་དབྱིན་ཡུལ་གྱི་གྲོས་ཚོགས་ཁང་བརྩེགས་ཉེ་འགྲམ་དུ་ཡོད་པའི། སྙན་གྲགས་ཅན་གྱི་ཝེ་སེ་མི་ནི་སི་ཀྲེར་གྱི་ཟམ་པའི་ཐོག་གི་རྐང་ལམ་ཐོག་ཏུ། དྲག་སྤྱོད་པ་ཞིག་གིས་མི་མང་དཀྱིལ་དུ་རླངས་འཁོར་བཏང་ནས་མི་༢ བསད་པ་དང་ཉུང་མཐར་མི་༤༠ ལ་རྨས་སྐྱོན་བཟོས། དེ་རྗེས་རླངས་འཁོར་དེ་དབྱིན་ཡུལ་གྱི་གྲོས་ཚོགས་ཁང་བརྩེགས་ཀྱི་ལྕགས་ཀྱི་ར་བར་བརྡུངས་ཡོད་འདུག དེ་རྗེས་རླངས་འཁོར་ནས་ཕྱིར་ཐོན་ནས། ལག་ཏུ་གྲི་ཞིག་ཁྱེར་ནས་གྲོས་ཚོགས་ཁང་བརྩེགས་ཕྱོགས་སུ་འགྲོ་སྐབས། མཚོན་ཆ་ཐོག་མེད་པའི་ཉེན་རྟོག་པ་ཞིག་དང་གདོང་ཐུག་བྱུང་བས། ཁོས་ཉེན་རྟོག་པ་དེར་གྲིས་བརྒྱབ་ནས་བསད་རྗེས། མཚོན་ཆ་ཐོག་མཁན་ཉེན་རྟོག་པ་གཞན་ཞིག་གིས་ཁོ་ལ་མེ་མདའ་བརྒྱབ་ནས་བསད་ཡོད་འདུག དྲག་རྒོལ་དེའི་ཁྲོད་དྲག་སྤྱོད་དེ་རྩིས་པའི་ཁྱོན་བསྡོམས་མི་༤ ཡི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། ཉུང་མཐར་མི་༤༠ ལ་རྨས་སྐྱོན་ཕོག་པའི་ཁྲོད་མི་༧ གྱི་གནས་སྟངས་ཛ་དྲག་ཡིན་འདུག གནས་ཚུལ་དེ་དང་འབྲེལ་ནས་ཁང་པ་དྲུག་ལ་གློ་བུར་སྔོག་བཤེར་བྱས་ཏེ། མི་བདུན་འཛིན་བཟུང་བྱས་ཡོད་འདུག

གནས་ཚུལ་དེ་བྱུང་སྐབས་དབྱིན་ཡུལ་གྱི་སྲིད་བློན་ལྕམ་ཐེ་རི་ས་མཱེ་ས་གནས་གཞན་ཏུ་ལམ་སེང་བསྐྱལ་བ་དང་། གྲོས་ཚོགས་མི་སྣ་སོགས་མང་པོ་ཞིག་གྲོས་ཚོགས་ཁང་ནང་དུ་བཞག་ནས། གྲོས་ཚོགས་ཁང་གི་མཐའ་ཁོར་དང་ཟམ་པ་སོགས་སུ་བདེ་སྲུང་མི་སྣ་དང་མྱུར་སྐྱོབ་མི་སྣ་སོགས་མང་པོ་སླེབས་མ་ཟད། ཉེ་འཁོར་གྱི་ས་འོག་མེ་འཁོར་འགྲོ་བསྐྱོད་བཀག་འགོག་བྱས་འདུག

ལོན་ཊོན་ཉེན་རྟོག་པའི་སྤྱི་ཁྱབ་ཀྱིས། དྲག་སྤྱོད་པ་དེ་ནི་རྒྱལ་སྤྱིའི་ཁ་ཆེ་འཇིག་སྐུལ་རིང་ལུགས་པ་ཚོ་ལས་སེམས་འགུལ་ཐེབས་པ་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་ཁར། མི་དེའི་སྐོར་ཤེས་རྟོགས་ཐུབ་ཡོད་སྐོར་བརྗོད་པ་ལས། ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་པ་རེད་འདུག

རྨས་སྐྱོན་ཕོགས་པའི་ཁྲོད་ལྷོ་ཀོ་རི་ཡའི་ཡུལ་སྐོར་སྤྲོ་འཆམ་པ་ལྔ་དང་། ཧྥ་རན་སིའི་སློབ་མ་གསུམ་བཅས་ཡོད་འདུག

དྲག་རྒོལ་བྱས་པའི་ཉིན་མོ་དེ་ནི་ཕྱི་ལོ་༢༠༡༦ ལོར་ཡུ་རོབ་བྷེལ་རྗམ་གྱི་རྒྱལ་ས་བྷེར་སལ་དུ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སིས་འབར་རྫས་ཀྱི་དྲག་རྒོལ་བྱས་ཏེ། དྲག་སྤྱོད་པ་ཚོ་རྩིས་པའི་མི་༣༥ ཡི་ཚེ་སྲིག་ཤོར་ནས་ལོ་གཅིག་འཁོར་བའི་དུས་དྲན་ཡང་ཡིན་འདུག

དེང་གི་ཆར་དྲག་སྤྱོད་པ་ཚོས་སྔ་མ་ལྟར་མེ་མདའ་དང་འབར་རྫས་སོགས་གྲ་སྒྲིག་མང་པོ་མི་དགོས་པར། ལས་སླ་པོའི་ཐོག་ནས་རླངས་འཁོར་བེད་སྤྱད་ནས་མི་མང་པོ་བསད་པའི་ཐབས་ལམ་བེད་སྤྱོད་བྱེད་པའི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༧༡ ཀློག་གྲངས།