བོད་ཀྱི་གློག་བརྙན་དཔའ་བོ་ལ་རྩེ་ཕུད་བྱ་དགའ་གཉིས་ཐོབ་འདུག

ཨ་རི་ནིའུ་ཡོག་ས་གནས་ཁེའུན་སེ་འཛམ་གླིང་གློག་བརྙན་དུས་སྟོན་ཐོག བོད་ཀྱི་རྒྱལ་གཅེས་དཔའ་བོ་རང་སྲེག་རྒྱ་རྒོལ་བ་རྟའུ་འཇམ་དཔལ་ཡེ་ཤེས་ཀྱི་མི་ཚེའི་ལོ་རྒྱུས་ལ་གཞིར་བཞག་གིས་བཟོས་པའི་གློག་བརྙན་དཔའ་བོ་ལ། རྩེ་ཕུད་ཀྱི་བྱ་དགའ་གཉིས་ཐོབ་འདུག

གློག་བརྙན་དུས་སྟོན་དེར་“དཔའ་བོ་”ལ་སྒྲུང་བཤད་སྟངས་ཡག་ཤོས་ཀྱི་གློག་བརྙན་(Narrative Feature) རྩེ་ཕུད་བྱ་དགའ་དང་། གློག་བརྙན་དཔར་བཀོད་(Cinematography) རྩེ་ཕུད་བྱ་དགའ་ཐོབ་ཡོད་ཁར། གློག་བརྙན་དེའི་འཁྲབ་སྟོན་མི་སྣ་གཙོ་བོ་ཤཱ་བོ་རྡོ་རྗེ་ལ་འཁྲབ་སྟོན་མི་སྣ་རྩེ་ཕུད་ཀྱི་འོས་མིར་འདེམས་ཐོན་བྱུང་ཡོད་པ་རེད། གློག་བརྙན་དུས་སྟོན་འགྲན་ཞུགས་ནང་འཛམ་གླིང་གང་སར་ནས་ཁྱོན་བསྡོམས་གློག་བརྙན་༡༣༥ དང་སྒྲུང་བཤད་སྟངས་ཡག་ཤོས་ཀྱི་གློག་བརྙན་སྡེ་ཚན་ནང་འགྲན་ཞུགས་༡༧ ཡོད་འདུག

དེ་བཞིན་ ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་ནང་ཨ་རིར་འཚོགས་པའི་རྒྱལ་སྤྱིའི་རང་དབང་ཅན་གྱི་གློག་བརྙན་དུས་སྟོན་ཐོག གློག་བརྙན་“དཔའ་བོ་”ཞེས་པ་དེར། སྒྲུང་དང་གློག་བརྙན་གྱི་རོལ་དབྱངས་གཉིས་ལ་གསེར་གྱི་རིམ་པའི་རྩེ་ཕུད་བྱ་དགའ་རེ་ཐོབ་པ་དང། གློག་བརྙན་གྱི་དཔར་བཀོད་ལ་གསེར་དཀར་པོའི་རིམ་པའི་རྩེ་ཕུད་བྱ་དགའ་ཐོབ་ཡོད་འདུག

གློག་བརྙན་དེའི་འཁྲབ་ཁྲིད་པ་གཙོ་བོ་མཱར་ཝེན་གྱིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྐོར་ཇར་མན་གྱི་དུས་དེབ་ཅིག་ནང་བཀླགས་རྗེས། སེམས་འགུལ་ཆེན་པོ་ཐེབས་པ་དང་ཁོང་རྒྱ་གར་ལྡི་ལིར་སླེབས་ཏེ། འཇམ་དཔལ་ཡེ་ཤེས་ཀྱི་གྲོགས་པོ་དང་ངོ་ཤེས་པ་རྣམས་ལ་ཐུག་ནས་ཁོང་གི་ལོ་རྒྱུས་རྣམས་རིམ་བཞིན་ཤེས་རྗེས། གློག་བརྙན་དེ་ དྷ་ས་དང་ལྡི་ལི་བོད་ཀྱི་གཞིས་སྒར་བསམ་ཡས་གླིང་དང་། ལ་དྭགས་སོགས་ལ་འཁྲབ་ནས་པར་བསྐྲུན་བྱས་ཡོད་འདུག འཁྲབ་ཁྲིད་པ་གཞོན་པ་བསོད་ནམས་ཚེ་བརྟན་ཡིན་པ་དང། འཁྲབ་སྟོན་མི་སྣ་གཙོ་བོ་དེ་བོད་མི་གཞོན་སྐྱེས་ཤཱ་བོ་རྡེ་རྗེ་ཡིན་པ་རེད།

༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་རྒྱལ་དོན་མཚམས་གཟིགས་སུ་ཡོང་བ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལི་རུ་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་གོ་སྒྲིག་བྱས་པ་དང་། སྐབས་དེའི་ཕྱི་ཟླ་༣ ཚེས་༢༦ ལྡི་ལིར་རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། སྨན་ཁང་དུ་མྱུར་སྐྱོབ་ཆེད་ཁྲིད་ནའང་། ཚེས་༢༨ ཉིན་གྱི་སྔ་དྲོ་སྐུ་གྲོངས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༩༧ ཀློག་གྲངས།