གྲོས་ཚོགས་ཚོགས་དུས་གསུམ་པ་མཇུག་བསྒྲིལ་བ།

འོས་བསྡུའི་གྲུབ་འབྲས་དེ་ཡག་པོ་ཞིག་བྱུང་མ་ཐུབ་ན་ཉེན་ཁ་ཆེ་བ་དང་མི་མང་ལ་ཡིད་ཆེས་བརླགས་པ། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་དང་། བོད་མིའི་རྩ་དོན་གྱི་འཐབ་རྩོད་ལ་མདུན་བསྐྱོད་བྱེད་མ་ཐུབ་པ་དེ་འདྲ་བྱུང་བ་ཡིན་ན་ང་ཚོ་མི་རིགས་ཀྱི་རྩ་དོན་དང་འཐབ་རྩོད་གང་ཅིའི་ཐོག་ལ་འཐུས་ཤོར་ཆེ་ཤོས་ཤིག་ཆགས་འགྲོ་ཡི་ཡོད་རེད་ཅེས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཉིན་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོགས་ཚོགས་ཚོགས་དུས་༣ པ་ཉིན་༡༡ གི་རིང་ལ་འཚོགས་གྲུབ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་མཇུག་བསྡོམས་གཏམ་བཤད་གནང་ཡོད་པ་རེད། དེའི་སྐབས་ཁོང་གིས་གསུང་དོན་དུ།“ད་ཐེངས་ལས་རིམ་བསྐྱངས་པའི་སྐབས་སུ་ལས་དུས་མང་ཆེ་བ་དེ་སྔོན་རྩིས་ཀྱི་ཐོག་ལ་བཏང་ཡོད་རེད། སྔོན་རྩིས་ཀྱི་ལས་རིམ་ནང་ལ་དཔལ་ལྡན་བཀའ་ཤག་ལྷན་རྒྱས་དང་། དེ་བཞིན་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་ཚང་མས་ཚ་ཚ་འུར་འུར་གྱིས་ཆ་ཤས་བཞེས་པའི་ཐོག་ནས་ང་ཚོའི་སྔོན་རྩིས་ཀྱི་ལས་རིམ་དེ་གང་ལ་གང་འཚམ་གྱིས་ཞིབ་ཚགས་པོ་དང་ཡག་པོ་བྱུང་སོང་བསམ་གྱི་ཡོད། ཚོགས་གཙོ་གཉིས་ཀྱི་ངོས་ནས་ཚང་མར་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན།”ཞེས་གསུང་སོང་།

དེ་བཞིན་ཁོང་གིས་མུ་མཐུད། “ད་ང་རང་ཚོ་དཔལ་འབྱོར་གྱི་གནས་བབ་ཀྱི་ཐོག་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་ཀྱི་གཏམ་བཤད་ནང་ཡོད་པ་གཞིར་བཟུང་། ང་ཚོའི་དཔལ་འབྱོར་གྱི་ཡོང་འབབ་དེ་རང་དབང་དཔྱ་ཁྲལ་ལག་དེབ་ཀྱི་ཐོག་ནས་གཅིག་ཡོང་གི་ཡོད་རེད། དེ་བཞིན་ལས་ཁུངས་སོ་སོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ། བཀའ་ཤག་གི་མ་དངུལ་ཐབས་འཚོལ་བྱས་པ་ལས་གཞན་པའི་ང་ཚོར་དཔལ་འབྱོར་གྱི་ཡོང་ཁུངས་མེད་དུས་ང་ཚོ་བཙན་བྱོལ་བའི་གནས་སྟངས་ཀྱི་ཐོག་ནས་རང་ཁ་རང་གསོ་ཟེར་བ་དེ་ཡོང་ཐུབ་རྒྱུ་ཁག་པོ་ཞེ་དྲག་ཆགས་བསྡད་ཡོད་རེད། ཡིན་ན་ཡང་། རྩིས་ལོ་༢༠༡༧ དང་༢༠༡༨ ནང་ལ་ས་ཡ་༢༤༠༠ ལྷག་ཙམ་ང་ཚོས་བཀའ་འཁྲོལ་གཏན་འབེབས་ཞུ་ཐུབ་པ་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་ལས་འཆར་མང་པོ་ཞིག་ལ་འཆར་འབུལ་ཞུ་ཐུབ་པ་དེར་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་དང་། དངོས་སུ་ང་ཚོས་བཀའ་ཁྲོལ་གཏན་འབེབས་བྱུང་བའི་རྗེས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཚང་མའི་ངོས་ནས་ལྷག་བསམ་དང་འགན་འཁུར་ཆེར་བཞེས་ཀྱི་ཐོག་ནས་དངུལ་འབོར་བཀའ་ཁྲོལ་ཐོབ་པ་དེ་ཚོར་བསྲི་ཚགས་ཀྱི་ཐོག་ནས་ལས་དོན་རྣམས་དོན་ཕན་ལྡན་པ་ཡོང་ཐུབ་དགོས་པ་དེ་གལ་ཆེན་པོ་ཡིན་པས། ལས་དོན་རྣམས་དོན་ལ་སྨིན་པ་ཡོང་བར་ཚང་མས་ཧུར་ཐག་དང་འགན་འཁུར་མཉམ་བཞེས་ཡོང་བར་ཚོགས་གཙོ་གཉིས་ཀྱི་ངོས་ནས་འབོད་སྐུལ་ཞིག་ཞུ་ཡི་ཡོད།”ཅེས་དང་། ཡང་ཁོང་གིས་“གྲོས་ཚོགས་ཀྱི་ལས་རིམ་ནང་ལ་གྲོས་ཆོད་གྲོས་འཆར་རིགས་གཅིག་གཏན་འབེབས་ཞུ་ཐུབ་པ་བྱུང་ཡོད་རེད། དེ་བཞིན་ལས་དོན་གཅིག་ཁྲིམས་བཟོའི་ལས་དོན་དེ་རེད། དེ་ཡིན་དུས་ད་ལྟ་གྲོས་ཚོགས་འདིའི་ནང་ལ་ཁྲིམས་བཟོའི་ལས་དོན་མང་བ་ཡོད་མ་རེད། ཡིན་ན་ཡང་། ང་ཚོའི་འོས་བསྡུའི་སྒྲིག་གཞི་འཆར་ཟིན་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོ་དང་། འཆར་ཟིན་དེ་གྲོས་ཚོགས་ནང་ཁྱེར་ཡོད་རེད། དེ་ཚོའི་ཐོག་ལ་ཚོགས་ཆུང་གི་ངོས་ནས་ལས་དོན་དེ་ཚོར་ཞིབ་ཚགས་ཡག་པོ་གནང་ཐུབ་འདུག་ཟེར་ནས་ཚོགས་གཙོ་གཉིས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། དངོས་སུ་ང་ཚོས་གྲོས་ཚོགས་ཀྱི་ལས་རིམ་བསྐྱངས་པའི་སྐབས་སུ་དེར་བཀའ་ཤག་གི་ངོས་ནས་དགག་བརྒྱབས་པ་དང་། བཀའ་ཤག་གྲོས་ཚོགས་ནས་ཕྱིར་ཕེབས་པ་དེ་འདྲ་བྱུང་ཡོད་རེད། དེ་ལ་ཡང་ཚོགས་གཙོ་གཉིས་ཀྱི་ངོས་ནས་བཀའ་ཤག་གིས་ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིར་བརྩི་བཀུར་དང་ཉམས་ལེན། དེ་བཞིན་གྲོས་ཚོགས་ལ་འགན་འཁུར་བཞེས་ཕྱོགས་དེ་ག་འདྲ་ཞིག་ཆགས་ཀྱི་ཡོད་ན་བསམ་པའི་ཚོར་སྣང་ཞིག་བྱུང་ཟེར་ནས་དེ་གཅིག་ཞུ་རྒྱུ་ཡིན། དེ་བཞིན་འོས་བསྡུའི་སྒྲིག་གཞི་འཆར་ཟིན་དང་འབྲེལ་བའི་ཐོག་ནས་འདི་ནས་ཚོགས་གཙོས་སྔོན་འགྲོ་དངོས་གཞི་དགོས་མི་དགོས་ཐོག་ནས་ཞིབ་ཕྲ་གང་ཞུ་རྒྱུར་འབད་བརྩོན་ཞུ་རྒྱུ་མིན། རེད་དེ། ཚོགས་གཙོས་ཞུ་འདོད་པ་གཅིག་ལ་འོས་བསྡུའི་བྱུང་རིམ་གྱི་རྩོད་རྙོག་ལས་ལྷག་འོས་བསྡུའི་གྲུབ་འབྲས་དེ་དེ་བས་ཉེན་ཁ་ཆེ་བ་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་འོས་བསྡུའི་གྲུབ་འབྲས་དེ་ཡག་པོ་ཞིག་བྱུང་མ་ཐུབ་ན་ཉེན་ཁ་ཆེ་བ་དང་མི་མང་ལ་ཡིད་ཆེས་བརླགས་པ། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་དང་། བོད་མིའི་རྩ་དོན་གྱི་འཐབ་རྩོད་ལ་མདུན་བསྐྱོད་བྱེད་མ་ཐུབ་པ་དེ་འདྲ་བྱུང་བ་ཡིན་ན་ང་ཚོ་མི་རིགས་ཀྱི་རྩ་དོན་དང་འཐབ་རྩོད་གང་ཅིའི་ཐོག་ལ་འཐུས་ཤོར་ཆེ་ཤོས་ཤིག་ཆགས་འགྲོ་ཡི་ཡོད་རེད། དེར་བརྟེན་ལོ་ལྔ་ཚན་ནང་ལ་ཟང་ངེ་ཟིང་ངེ་རྐྱང་རྐྱང་དང་སྤྱི་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་བརྡབ་གསིག་འདྲ་པོ་རྐྱང་རྐྱང་ཡོང་བསྡད་ན་ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འགན་དབང་བསྐུར་པ་དེ་མ་འགྲུབ་པ་རེད། དེ་ཡིན་དུས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནང་ཀྱང་དེར་ཐུགས་སྣང་དང་འགན་འཁུར་བཞེས་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།”ཞེས་གསུངས་སོང་།

གཞན་ཡང་གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་ནས་ཚོགས་མི་སྒེར་གྱི་བསམ་ཚུལ་འདོན་བསྡད་པ་དང་སྒེར་གྱི་སྲུང་སྐྱོབ་བྱེད་མཁན་བཅས་རིགས་གཉིས་ཡོང་གི་འདུག་པས་དེར་ཐུགས་གཟབ་གནང་དགོས་གལ་དང། ཐོག་མའི་དམ་བཅའ་བཞིན་ལས་དོན་ནང་ཞུགས་ནས་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་ལས་དོན་ནང་ཞུགས་ཐུབ་དགོས་གལ་དང་། སོ་སོ་སྒེར་གྱི་འཚོ་བ་དང་སྤྱི་པའི་ལས་དོན་གཉིས་མཉམ་བསྲེ་མ་ཡོང་བར་ཁ་ཁར་ཕྱེ་ཐུབ་དགོས་པ་གལ་ཆེན་ཡིན་པ། གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་ནས་བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་བགྲོ་གླེང་བྱས་ནས་སྣེ་འཁྲིད་བྱེད་དགོས་གལ། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། ཉེ་ཆར་བོད་ཁམས་ཉག་རོང་པདྨ་རྒྱལ་མཚན་གྱིས་རང་ལུས་མེར་སྲེག་གནང་བས་མཚོན་པའི་ཕྱི་ལོ་༢༠༠༩ ནས་༢༠༡༧ བར་དུ་བོད་མི་༡༤༦ གིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་ཁྲོད་ནས་མི་༡༢༥ འདས་གྲོངས་སུ་ཕྱིན་ཟིན་པ་དང་། ༢༠ ཡས་མས་འདས་གསོན་གང་ཡིན་ཁ་གསལ་མེད་པ་ཚང་མའི་བློས་གཏོང་དང་། མངོན་འདོད་གཙོ་བོ་དེ་༧གོང་ས་མཆོག་བོད་ནང་ཕེབས་འཇུག་དགོས་པ་དང་། བོད་མིར་རང་དབང་དགོས་པ་དེ་ཆགས་ཡོད་རྐྱེན། ཁོང་རྣམ་པའི་བློས་གཏོང་དང་མངོན་འདོད་ལ་གདུང་སེམས་མཉམ་བསྐྱེད་ཙམ་མ་ཡིན་པར་མངོན་འདོད་འགྲུབ་པར་ཆབ་སྲིད་ཀྱི་མདུན་སྐྱོད་བྱེད་ཐུབ་པར་འབད་བརྩོན་བྱེད་དགོས་རྒྱུ་དེ་བོད་མིའི་སྒྲིག་འཛུགས་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཐོག་ནས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༧༢ ཀློག་གྲངས།